གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་རྩེ་ལུ་ འགྲེམ་ཐོག་ཚོགས་རྒྱན་བརྒྱ་ཆ་༩༥ མཐར་འཁྱོལ་བྱུང་ཡོདཔ།

༣༡/༥/༢༠༡༣   ༉ ལྷུན་རྩེ་རྫོང་ཁག་གི་ སྨན་སྦིས་བཙན་མཁར་དང་ སྒང་ཟུར་སྨིན་རྗེ་འདེམས་ཁོངས་༢ ཀྱིས་ འགོ་ཐོག་བཙག་འཐུ་གི་ འདེམས་ངོ་ཚུ་གི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༩༥ གིས་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས།


དེ་ཡང་ རྫོང་ཁག་གི་ ངོས་ལེན་འགོ་དཔོན་ སངས་རྒྱས་རྡོ་རྗེ་དང་ འཆི་མེད་རིག་འཛིན་༢ ཀྱིས་ སླབ་མི་དང་འཁྲིལཝ་ད་ འདེམས་ཁོངས་༢ ཀྱིས་ བཅའ་མར་གཏོགས་མི་ འདེམས་ངོ་༨ ཀྱི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཡི་གུ་བཙུགས་མི་༢,༦༦༨ ཡོད་ས་ལས་ ཚོགས་རྒྱན་བཙུགས་མི་༢,༣༣༠ ངོས་ལེན་འབད་ཡོད་རུང་ ཚོགས་རྒྱན་༣༣༨ ངོས་ལེན་ འབད་མ་ཚུགས་ཟེར་ཨིན་པས།
འདེམས་ཁོངས་༢ ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ ཕོ་སྐྱེས་བསྡོམས་༡,༤༥༠ ལས་༡,༣༠༧ ངོས་ལེན་འབད་རུང་༡༤༣ ངོས་ལེན་འབད་མ་ཚུགས་པའི་ཁར་ ཨམ་སྲུ་བསྡོམས་༡,༢༡༨ ལས་༡,༠༢༣ ངོས་ལེན་འབད་རུང་༡༩༥ ངོས་ལེན་འབད་མ་ཚུགས་ཟེར་ཨིན་པས།
སྒང་ཟུར་སྨིན་རྗེ་འདེམས་ཁོངས་ནང་ རྒེད་འོག་༤ ཡོད་མི་ཚུ་ཡང་ སྒང་ཟུར་དང་ མཁོ་མང་ ཀུར་སྟོད་ དེ་ལས་ སྨིན་རྗེ་ཚུ་ཨིནམ་ད་ དེ་ཁར་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ ཕོ་སྐྱེས་༦༣༩ དང་ ཨམ་སྲུ་༤༩༩ ཡོདཔ་བཞིན་དུ་ སྨན་སྦིས་བཙན་མཁར་འདེམས་ཁོངས་ཀྱི་ རྒེད་འོག་ཚུ་ རྒྱ་རེད་དང་ སྨད་མཚོ་ སྨན་སྦིས་ དེ་ལས་ བཙན་མཁར་ཚུ་ནང་ལས་ ཕོ་སྐྱེས་༦༦༨ དང་ ཨམ་སྲུ་༥༢༤ གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོདཔ་སྦེ་ སླབ་ཨིན་པས།
ངོས་ལེན་འགོ་དཔོན་ འཆི་མེད་རིག་འཛིན་དང་ སངས་རྒྱས་རྡོ་རྗེ་༢ ཀྱིས་ སླབ་མི་དང་འཁྲིལཝ་ད་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཚུ་གིས་ བཙག་འཐུ་ལྷན་ཚོགས་ཀྱིས་ གསལ་བསྒྲགས་འབད་མི་ འབྲི་ཤོག་ཚུ་ལེགས་ཤོམ་སྦེ་ བཀང་ཡོདཔ་ལས་ བརྒྱ་ཆ་༩༥ ལུ་ ངོས་ལེན་ལེགས་ཤོམ་འབད་ཡོད་རུང་ ལ་ལུ་ཅིག་གིས་ འབྲི་ཤོག་ཚུལ་ལྡན་སྦེ་ བཀང་མ་ཚུགསཔ་མ་ཚད་ ཐོ་བཀོད་འབད་མི་དང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༢ རྟགས་མ་མཐུནམ་སྦེ་ འདུག་ཟེར་ཨིན་པས།
ཡི་གུ་བཙུགས་མི་དང་ དཔང་པོའི་ཨང་གྲངས་མ་འབྲི་ ལ་ལུ་ཅིག་གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་སའི་ ཁ་བྱང་མ་འབྲི་ དཔང་པོའི་ཁ་བྱང་མེད་མི་ དེ་ལས་ དཔང་པོའི་མིང་རྟགས་མེད་པར་བཏང་མི་ལུ་བརྟེན་ ངོས་ལེན་འབད་མ་ཚུགས་རུང་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་དང་ཕྱདཔ་ད་ ལེ་ཤ་གིས་ ཤེས་ཡོན་ཡར་འཕེལ་སོང་ནུག་ཟེར་ སླབ་ཨིན་པས།
ལྷུན་རྩེ་རྫོང་ཁག་ནང་ སྒང་ཟུར་སྨིན་རྗེ་འདེམས་ཁོངས་ཀྱི་ འབྲུག་སྤྱིར་དབང་ཚོགས་པའི་འདེམས་ངོ་ བསྟན་འཛིན་ལྷ་མོ་དང་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཚེ་དབང་སྒྲོལ་མ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀརྨ་རང་གྲོལ་ དེ་ལས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ བློ་བཟང་རྡོ་རྗེ་ཚུ་ཨིནམ་ལས་ སྒང་ཟུར་དང་ མཁོ་མང་ ཀུར་སྟོད་ དེ་ལས་ སྨིན་རྗེ་རྒེད་འོག་༤ ནང་ ཚོགས་རྒྱན་ས་ཁོངས་༡༩ ཡོདཔ་ཨིན་པས།
སྨན་སྦིས་བཙན་མཁར་འདེམས་ཁོངས་ཀྱི་འདེམས་ངོ་ཚུ་ འབྲུག་སྤྱིར་དབང་ཚོགས་པའི་འདེམས་ངོ་ འཇིགས་མེད་ནོར་བུ་དང་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ བསོད་ནམས་དོན་གྲུབ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཚེ་རིང་བསྟན་འཛིན་ དེ་ལས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཡེ་ཤེས་རྡོ་རྗེ་ཚུ་ཨིནམ་ད་ ས་ས་གནས་ཁར་ ཚོགས་རྒྱན་ས་ཁོངས་༡༨ ཡོདཔ་ཨིན་པས།
རྫོང་ཁག་ནང་ ཚོགས་རྒྱན་ས་ཁོངས་༣༧ ཡོད་མིའི་གྲས་ལས་ སྡེ་ཁྲིད་འགོ་དཔོན་༡ དང་ བཙག་འཐུ་འགོ་དཔོན་༣ བཙག་འཐུ་འགོ་དཔོན་འོགམ་༡ ཨམ་སྲུ་ལྟ་རྟོག་པ་༡ རེ་སྦེ་ བསྡོམས་ཀྱིས་ ལས་བྱེདཔ་༢༢༢ བཏང་ཡོདཔ་མ་ཚད་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལས་ ཁྲིམས་སྲུང་འགག་པ་༣ དང་ འགག་སྡེའི་འགོ་དཔོན་ཚུ་གིས་ ལྟ་རྟོག་འབད་ནིའི་དོན་ལུ་ གྲ་སྒྲིག་སོང་ཡོདཔ་སྦེ་ རྒྱལ་ཡོངས་ལྟ་རྟོག་པ་ དཔལ་ལྡན་གྱིས་ སླབ་ཨིན་པས།
ཚོགས་རྒྱན་བཙུགས་སའི་ས་ཁོངས་ཚུ་གི་གྲས་ལས་ ལམ་ཐག་རིང་ཤོས་ར་ སྒང་ཟུར་- སྨིན་རྗེ་འདེམས་ཁོངས་ལས་ ཚང་ངོ་ ཚོགས་རྒྱན་ས་ཁོངས་དེ་ཨིནམ་ད་ དེ་ཡང་ རྐང་ཐང་སྦེ་ཉིནམ་ལམ་༣ འགོར་བའི་ས་ཁོངས་ནང་ཡོདཔ་བཞིན་དུ་ འོས་འབབ་ལྡན་པའི་ཚོགས་རྒྱན་བཙུགས་མི་༡༢༡ ཡོདཔ་ཨིན་རུང་ ཐག་ཉེ་ཤོས་དེ་ ཕུག་ཡུམ་འབྲིང་རིམ་སློབ་གྲྭ་གོང་མའི་ ཚོགས་རྒྱན་ས་ཁོངས་དེ་ཨིནམ་ལས་ འོས་འབབ་ལྡན་པའི་ཚོགས་རྒྱན་བཙུགས་ཆོག་མི་༡༠༧༥ ཡོདཔ་ཨིན་པས།
རྫོང་ཁག་ནང་ འོས་འབབ་ལྡན་པའི་ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༡༤,༣༨༩ ཡོད་མི་ལས་ ཕོ་སྐྱེས་༣༣༥༦ དང་ ཨམ་སྲུ་༣༧༧༩ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment