གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་དོན་ཚོགས་པ་ཚུ་གིས་ བསྐུལ་བསྒྲགས་ཀྱི་ལས་རིམ་མཇུག་བསྡུ་ཡོདཔ།

༣༠/༥/༢༠༡༣   ༉ སྲིད་དོན་ཚོགས་པ་༤ གིས་ སྒོ་བཤལ་ལྟ་སྐོར་ཐོག་ལས་ ཁས་བླངས་འབད་མི་ཚུ་ མཇུག་བསྡུ་ཡོདཔ་ལས་ ནངས་པ་ ཚོགས་རྒྱན་བཙུགས་མི་ཚུ་ལ་ རག་ལས་ནི་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༦ ལས་འགོ་བཙུགས་མི་ སྤྱིར་བཏང་གྲོས་འཛོམས་མཇུག་བསྡུ་མི་དང་འབྲེལ་ ཚོགས་པའི་གཙོ་འཛིན་ཚུ་གིས་ ཧེ་མ་ལས་ ལྷོད་མ་མྱོང་བའི་ ས་གནས་ཚུ་ནང་ ཁ་ཉིནམ་ཚུན་ བསྐུལ་བསྒྲགས་འབད་བར་ སོང་ཡོདཔ་ད་ འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ སྤ་རོ་དང་ ཧཱ་ལུ་སོང་བའི་ཤུལ་ལས་ ཁ་ཉིནམ་ཐིམ་ཕུ་ལུ་ ལོག་འོང་ཡོདཔ་ད་ མོ་གིས་ རྫོང་ཁག་༡༧ ནང་ བསྐུལ་བསྒྲགས་འབད་ཡོདཔ་ཨིན་པས།



འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་གྱིས་ བསམ་རྩེའི་ མི་ཚུ་དང་ཕྱད་པར་འགྱོ་བའི་ཤུལ་ལུ་ གྲོས་འཛོམས་མཇུག་ འགོ་འདྲེན་འཐབ་ནིའི་དོན་ལུ་ ཕུན་ཚོགས་གླིང་ལུ་ འགྱོ་ཞིནམ་ལས་ མོ་རའི་འདེམས་ཁོངས་ནང་ ལོག་སོང་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ བཀྲ་ཤིས་སྒང་རྫོང་ཁག་ ཐུང་མཁར་གྱི་མི་༡༠༠ དེ་ཅིག་དང་གཅིག་ཁར་ གྲོས་འཛོམས་འབད་བའི་ཤུལ་ལུ་ པདྨ་དགའ་ཚལ་ལུ་ ཁོ་རའི་འདེམས་ཁོངས་ནང་ སོང་ཡོདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ ཧཱ་ལས་ དར་དཀར་ནང་ལུ་སོང་བའི་ཤུལ་ལུ་ འགོ་དང་པ་ སྤྱིར་བཏང་གྲོས་འཛོམས་འགོ་བཙུགས་སའི་རྫོང་ཁག་ སྤུ་ན་ཁ་ལས་སྦེ་ མཇུག་བསྡུ་ཡོདཔ་ད་ གྲོས་འཛོམས་མཇུག་ཡང་ བཀྲིས་སྒང་རྫོང་ཁག་དང་ པདྨ་དགའ་ཚལ་རྫོང་ཁག་ནང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
འདེམས་ངོ་ཚུ་གིས་ ཡོངས་འབྲེལ་འཆར་སྒོ་ཚུ་ནང་ལས་ཕར་ཡང་ རྒྱབ་སྐྱོར་འབད་མི་ཚུ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཀྱི་སྐོར་ལས་ བཀོད་ཡོདཔ་ད་ འཆར་སྒོ་ཚུ་ནང་ སྲིད་དོན་ཚོགས་པ་ཚུ་གི་སྐོར་ལས་ཡང་ དུས་མཐུན་གྱི་བསམ་འཆར་ཚུ་ བརྗེ་སོར་འབད་མི་ཐོན་ཡོདཔ་ཨིན་པས།
ཁ་ཙ་ལས་ བཙག་འཐུ་མ་རན་པའི་ དུས་ཡུན་ཆུ་ཚོད་༤༨ ཀྱི་རིང་ ག་ནི་ཡང་འབད་མ་ཆོག་པའི་ བཀག་ཆ་འབད་ཡོདཔ་ད་ ཉིན་གྲངས་༢༣ གྱི་རིང་ གྲོས་འཛོམས་འབད་བའི་སྐབས་ བཙག་འཐུ་ལྷན་ཚོགས་ནང་ བཙག་འཐུ་དང་འབྲེལ་བའི་ ཉོགས་བཤད་བཀོད་མི་༩ ཐོན་ཡོདཔ་ཨིན་པས།
ཉོགས་བཤད་ཚུ་གི་གྲས་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཡོངས་འབྲེལ་འཆར་སྒོ་ནང་ ཚོགས་པའི་སྐོར་ལས་ བཏུབ་མ་བཏུབ་ བཀོད་ཡོད་པའི་སྐོར་དང་ གསར་ཤོག་ཅིག་གིས་ ཚོགས་པ་གིས་ ཚོགས་པ་གཞན་གྱི་སྐོར་ལས་ བྲིས་ཡོད་པའི་ སྙན་ཞུ་འབད་ཡོདཔ་ད་ གསར་ཤོག་དེ་ལུ་ཡང་ དྲན་བཏོན་འབད་དགོ་པའི་ ཉེན་བརྡ་བྱིན་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་ བཀྲ་ཤིས་སྒང་རྫོང་ཁག་གི་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་གིས་ མི་སེར་ཚུ་ལུ་ ལྟོ་བྱིན་ཡོད་མི་ལུ་ཡང་ ཉེས་བྱ་དངུལ་ཀྲམ་༡༥༠༠༠ དང་ ཉེན་བརྡ་བྱིན་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པ་ལུ་ཡང་ ཐོ་བཀོད་མ་འབད་མི་ཅིག་ལུ་ ལྷུན་རྩེ་ལུ་ བསྐུལ་བསྒྲགས་འབད་བཅུག་པའི་སྐོར་ ཉེན་བརྡ་བྱིན་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment