གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་ཚུ་ སྲིད་དོན་ནང་ དྲན་པ་ཁུག་ཡོད་པའི་མངོན་གསལ།


༢༩/༠༥/༢༠༡༣ བཀྲིས་སྒང་རྫོང་ཁག་གི་ སྤྱིར་བཏང་གྲོས་འཛོམས་ ཁ་ཙ་མཇུག་བསྡུ་ཡི།


ཁྲིམས་ཤིང་འདེམས་ཁོངས་ཀྱི་ སྲིད་ཚོགས་༤ གི་འདེམས་ངོ་ཚུ།
༉ ཁ་ཙ་ལས་ བཀྲིས་སྒང་རྫོང་ཁག་གི་ བསྐུལ་བསྒྲགས་དང་འབྲེལ་བའི་ སྤྱིར་བཏང་གྲོས་འཛོམས་དེ་ ཝམ་རོང་འདེམས་ཁོངས་ལས་སྦེ་ མཇུག་བསྡུ་ཡོདཔ་བཞིན་དུ་ འགོ་ཐོག་བཙག་འཐུའི་ ཚོགས་རྒྱན་བཙུགས་ནི་གི་ དུས་ཡུན་ཉིནམ་གཉིས་མ་གཏོགས་མེདཔ་ཨིན་རུང་ ཁྲིམས་ཤིང་དང་ ཀླུ་མང་རྒེད་འོག་གཉིས་ཀྱི་ མི་སེར་མང་ཤོས་ཅིག་གིས་ སྲིད་དོན་ཚོགས་པ་ག་ལུ་ ཚོགས་རྒྱན་བཙུགས་ནི་ཨིན་ན་ ད་ལྟོ་ ཐག་མ་བཅད་པར་ཡོད་ཟེར་ སླབ་ཨིན་པས།

ཚོགས་རྒྱན་བཙུགས་མི་ ལེ་ཤ་ཅིག་གིས་ སླབ་མིའི་ནང་ སྲིད་དོན་ཚོགས་པ་༤ ཡོད་མི་ལས་ ག་གདམ་ནི་ཨིན་ན་ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ ཚོགས་རྒྱན་འཕྲུལ་ཆས་གུ་སྦྱར་མི་ ལས་རྟགས་གུ་ མ་ཨེབ་པའི་ཧེ་མར་ ཐག་བཅད་འོང་ཟེར་ཨིན་པས།
སྤྱི་ལོ་༢༠༠༨ ལུ་ སྲིད་ཚོགས་གཉིས་ལས་བརྒལ་མེདཔ་ལས་ འགོ་ཐོག་བཙག་འཐུ་འབད་མ་དགོ་པར་ ཐད་ཀར་དུ་ སྤྱིར་བཏང་བཙག་འཐུ་འབདཡོདཔ་ལས་ མི་སེར་ཚུ་ མགུ་འཐོམ་དགོཔ་ མ་བྱུང་རུང་ སྤྱི་ལོ་༢༠༡༣ གྱི་ འགོ་ཐོག་བཙག་འཐུ་ནང་ སྲིད་དོན་ཚོགས་པ་༤ ཡོད་ནི་དེ་གིས་ སྲིད་ཚོགས་གདམ་ཁ་རྐྱབ་མ་ཤེས་པར་ མང་ཤོས་ཅིག་ར་ མགུ་འཐོམ་སྡོད་ནུག་ཟེར་ ཁ་ཙ་ ཀླུ་མང་རྒེད་འོག་ལྟེ་བའི་ནང་ སྤྱིར་བཏང་གྲོས་འཛོམས་མཇུག་གི་ གསལ་བཤད་ཉན་པར་འོང་མི་ མཁར་ཕུག་གཡུས་ཚན་ལས་ སྐྱེས་ལོ་༨༥ ལང་མི་ ཨང་རྒས་ཀྱིས་ སླབ་ཨིན་པས།
དེ་མ་ཚད་ སྲིད་དོན་ཚོགས་པ་༤ པོ་ཆ་རའི་ ཁས་བླངས་གསལ་བསྒྲགས་ཚུ་ ཧ་ལམ་ ཅོག་འཐདཔ་མཚམས་ཡོདཔ་ལས་ ཚོགས་རྒྱན་ག་ལུ་ བཙུགས་ནི་ཨིན་ན་ ང་ མགུ་འཐོམ་སྟེ་ཡོད་ཟེར་ སྤྱི་ཟླ་༥ པའི་ཚེས་༢༧ ལུ་ ཁྲིམས་ཤིང་ཕེག་པ་རི་རྒེད་འོག་ལྟེ་བའི་ནང་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་སར་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་གི་རིང་ རྐང་སྟོང་སྦེ་འོང་མི་ གཙང་པོ་གཡུས་ཚན་ལས་ སྐྱེས་ལོ་༦༡ ལང་མི་ ཀརྨ་ཆོས་འཛོམས་ཀྱིས་ སླབ་ཨིན་པས།
ད་རུང་ གཙང་པོ་ལས་ སྐྱེས་ལོ་༣༦ ལང་མི་ ཨ་ལུ་༤ གི་ཨ་པ་ ཆོས་འཕེལ་གྱིས་ སླབ་མིའི་ནང་ ཁོ་གིས་ ནོརབུ་དང་འདྲ་བའི་ ཚོགས་རྒྱན་མ་བཙུགས་པའི་ཧེ་མར་ སྲིད་དོན་ཚོགས་པ་༤ གི་ལྟ་བ་དང་ ཁས་བླངས་གསལ་བསྒྲགས་ དེ་ལས་ རྒྱལ་ཁབ་དང་ མི་སེར་ལུ་ ག་གིས་ ཕྱག་ཕྱིད་ལེགས་ཤོམ་ཞུ་ཚུགས་པའི་ འོས་འབབ་ཡོད་མི་ཚུ་ ལེགས་ཤོམ་སྦེ་ བརྟག་དཔྱད་འབད་ཞིནམ་ལས་ ཐག་བཅད་འོང་ཟེར་ཨིན་པས།
ཝམ་རོང་འདེམས་ཁོངས་ཀྱི་ སྲིད་ཚོགས་༤ གི་ འདེམས་ངོ་ཚུ།

ཨིན་རུང་ མི་སེར་མང་ཤོས་ཅིག་གིས་ ནང་ན་ལས་ སྲིད་ཚོགས་ག་ལུ་ ཚོགས་རྒྱན་བཙུགས་ནི་ཨིན་ན་ ཐག་བཅད་ཚར་ཡོདཔ་བཟུམ་མཐོངམ་མས་ཟེར་ ཁྲིམས་ཤིང་ཐུང་མཁར་ལས་ གྲོང་གསེབ་མི་སེར་ ཚེ་དབང་བསྟན་འཛིན་གྱིས་ སླབ་ཨིན་པས།
ཀུན་གསལ་གྱིས་ སྤྱིར་བཏང་གྲོས་འཛོམས་ཚུ་ནང་ འོང་མི་ཚུ་ལུ་ དྲི་བ་བཀོདཔ་ད་ ཚོགས་རྒྱན་བཙུགས་མི་ མང་ཤོས་ཅིག་གིས་ར་ ཁོང་རའི་ གསང་བའི་ཚོགས་རྒྱན་ཚུ་ ཚོགས་རྒྱན་གྱི་ཉིན་མར་ བཙུགས་ཐོག་ལས་ ཐག་བཅད་ནི་ཨིན་ཟེར་ སླབ་མི་ལུ་བལྟཝ་ད་ མི་སེར་ཚུ་གིས་ སྲིད་དོན་གནས་སྟངས་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་ཡོད་པའི་ མངོན་རྟགས་སྟོནམ་ཨིན་པས།
བདུན་ཕྲག་འདི་གི་ རེས་གཟའ་མིག་དམར་ལུ་ ཁྲིམས་ཤིང་ཕེག་པ་རི་ལུ་ ཁྲིམས་ཤིང་འདེམས་ཁོངས་ཀྱི་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་མི་དེ་ནང་ འབྲུག་སྤྱིར་དབང་ཚོགས་པའི་ངོ་ཚབ་ འདེམས་ངོ་སྐྱེས་ལོ་༢༨ ལང་མི་ ཚེ་རིང་རྡོ་རྗེ་གིས་ ཁོང་གི་སྲིད་ཚོགས་ནང་ བློན་པོ་བགྲེསཔ་དང་ དྲགོས་བགྲེསཔ་ག་ཡང་མེད་པར་ སྤྱིར་བཏང་མི་སེར་གྱིས་ གཞི་བཙུགས་འབད་ཡོདཔ་ལས་ སྲིད་ཚོགས་གཞན་དང་མི་འདྲ་ཟེར་ གསལ་བཤད་འབད་ཡི།
ཁོ་གིས་འབད་བ་ཅིན་ སྲིད་ཚོགས་གཞི་བཙུགས་འབད་མིའི་ དམིགས་དོན་གཙོ་བོ་ར་ ན་གཞོན་དང་ ཕོ་མོའི་དཀའ་ངལ་ཚུ་ བསལ་ཐབས་ལུ་ཨིནམ་ལས་ སྲིད་ཚོགས་གཞན་ཚུ་བཟུམ་སྦེ་ སྤྱི་འོག་རེ་ལུ་ ཞིང་རྨོ་འཕྲུལ་རེ་དང་ རྒེད་འོག་རེ་ནང་ སྣུམ་འཁོར་རེ་ མཁོ་སྤྲོད་འབད་ནི་གི་ ཁས་བླངས་འབད་ནི་མེད་ཟེར་ཨིན་པས།
དེ་འབདཝ་ད་ སྤྱིར་དབང་ཚོགས་པ་གིས་ དམངས་གཙོའི་རིང་ལུགས་སྒྲིང་སྒྲིང་བཟོ་ནི་དང་ རྒྱལ་ཁབ་ནང་ རང་གིས་རང་ལང་ཚུགསཔ་ བཟོ་ནི་གི་ ཁས་བླངས་འབདཝ་ཨིན་ཟེར་ ཚེ་རིང་རྡོ་རྗེ་གིས་ ཞལ་འཛོམས་ཁང་ཆུང་ཀུ་དེ་ནང་ མི་ལྟེམ་ལྟེ་གང་མི་ཚུ་ལུ་ གསལ་བཤད་འབད་ཡི།
འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ སྐྱེས་ལོ་༥༢ ལང་མི་ རྡོ་རྗེ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༨ ལུ་ མི་དབང་ཡབ་སྲས་གཉིས་ཀྱིས་ དམངས་གཙོའི་རིང་ལུགས་ལུ་བརྟེན་པའི་ གཞུང་སྐྱོང་ནི་འདི་ གསེར་ཁྲིའི་རྩ་བ་ལས་ མི་སེར་གྱི་ལག་པར་ གསོལ་རས་སྦེ་ གནང་ཡོདཔ་བཞིན་དུ་ དམངས་གཙོའི་རིང་ལུགས་འདི་ མི་སེར་ལུ་ དབང་ཆ་དང་ རྒྱལ་ཁབ་ཀྱི་ རྒྱུ་ནོར་འདྲ་མཉམ་སྦེ་སྤེལ་མི་ ལག་ཆ་བཟུམ་ཅིག་ཨིནམ་ལས་ གཞི་རྩ་འདི་ལུ་ གཞིར་བཞག་སྟེ་ ཚོགས་པ་དེ་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
རྐང་པ་ར་རྒེད་འོག་ལས་ཨིན་མི་ རྡོ་རྗེ་ཆོས་སྒྲོན་གྱིས་འབད་བ་ཅིན་ རྩ་ཁྲིམས་ཆེན་མོའི་་དགོངས་དོན་དང་འཁྲིལཝ་ད་ གཞུང་སྐྱོང་འདི་ ལོ་ལྔའི་བར་ན་ཚར་རེ་ སོར་དགོཔ་སྦེ་ཡོདཔ་ཨིན་རུང་ གལ་སྲིད་ སྲིད་ཚོགས་ཅིག་གིས་ར་ གཞུང་སྐྱོང་སྟེ་ ཡུན་རིངམོ་སྦེ་ སྡོད་པ་ཅིན་ གཞུང་དེ་ དབང་ཚད་ཅན་ཅིག་ལུ་ འགྱུར་ནི་དང་ རྒྱུ་སྟོབས་ཅ་གྱི་ མི་༡ དང་༢ ཀྱིས་ དབང་བཟུང་ཐོག་ རྒྱལ་ཁབ་ཀྱི་ རྒྱུ་ནོར་ཚུ་ མི་སེར་ལུ་ འདྲ་མཉམ་སྦེ་ སྤེལ་མ་ཚུགསཔ་ འགྱོ་ནི་གི་ ཉེན་ཁ་ཡོད་ཟེར་ཨིན་པས།
གཞུང་སྐྱོང་གི་ དབང་ཚད་དེ་ མི་དག་པ་ཅིག་གི་ལག་པར་ ཚུད་པའི་བསྒང་ལས་ དམངས་གཙོའི་རྒྱལ་ཁབ་གཞན་བཟུམ་སྦེ་ ངན་ལྷད་འཐོན་ནི་གི་ ཉེན་ཁ་སྦོམ་ཡོདཔ་ལས་ ཚོགས་རྒྱན་བཙུགསཔ་ད་ མནོ་བསམ་ཐེབས་གཏང་དགོ་ཟེར་ གྲོས་འཛོམས་མཇུག་བསྡུཝ་ཅིག་ བསམ་རྩེ་ལུ་སོང་མི་ རྡོ་རྗེ་ཆོས་སྒྲོན་གྱིས་ གསལ་བཤད་འབད་ཡི།
དེ་འབདཝ་ད་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༣༠ ལང་མི་ ཆོས་སྐྱིད་དབང་མོ་གིས་ ཚོགས་པའི་ལྟ་བ་དང་ ཁས་བླངས་གསལ་བསྒྲགས་ཚུ་ལུ་ གཙོ་བོར་མ་བཏོན་པར་ སྲིད་ཚོགས་གཞན་ཚུ་གིས་ མོ་གི་ ཚོགས་པ་ལུ་ དམའ་ཕབ་དང་ ཁ་ཉེས་བཀལ་མི་ཚུ་ལུ་ དོགས་སེལ་འབད་ཡི།
དེ་ཡང་ འབྲུག་ཕུན་སུམ་ཚོགས་པ་གིས་ ནམ་ཡང་བསྐྱིན་ཚབ་སྤྲོད་མ་ཚུགས་པའི་ བུ་ལོན་བཟོ་མི་དང་ དབང་ཤུགས་ཅན་གྱི་གཞུང་དེ་ མི་ཕྱུགཔོ་དག་པ་ཅིག་གི་ལག་ཨིནམ་སྦེ་ ཁ་ཉེས་བཀལ་མི་ཚུ་ རྩ་ལས་མི་བདེན་ཟེར་ ཆོས་སྐྱིད་དབང་མོ་གིས་ དོགས་སེལ་འབད་ཡི།
དེ་མ་ཚད་ རྒྱལ་པོའི་ཞིང་ས་ཆ་བགོ་བཀྲམ་དང་འབྲེལ་བའི་ རྩོད་དོན་ཚུ་ཡང་ འདས་པའི་འབྲུག་ཕུན་སུམ་ཚོགས་པའི་ གཞུང་གི་སྐབས་ལུ་མིན་པར་ ལོ་༡༢ ལྷགཔ་ཅིག་གི་ཧེ་མར་ ཐོན་ཡོདཔ་ལས་ ཚོགས་པ་དང་ འབྲེལ་གནད་ག་ནི་ཡང་མེད་རུང་ དྭངས་གསལ་ཡར་དྲག་གཏང་ནི་དང་ ངན་ལྷད་བཀག་ནིའི་ མིག་དཔེ་བཟོ་ཐབས་ལུ་ ཧེ་མའི་གཞུང་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཞིབ་དཔྱད་རྐྱབ་དགོ་པའི་ ཞུ་བ་འབད་ཡི་ཟེར་ མོ་གིས་ དོགས་སེལ་འབད་ཡི།
མི་སེར་དམངས་གཙོ་ཚོགས་པའི་ངོ་ཚབ་ འདེམས་ངོ་སྐྱེས་ལོ་༣༢ ལང་མི་ བསོད་ནམས་དཔལ་འབྱོར་གྱིས་ ཚོགས་པའི་ལྟ་བ་དེ་ དབང་ཚད་ཕྱིར་གྱི་ཐོག་ལས་ འགྱུར་བ་འབག་འོང་ནི་དེ་ཡང་ མི་སེར་ལུ་ དབང་ཚད་སྤྲོད་ནི་དང་ མི་སེར་ཡོངས་ཀྱི་ ཡར་རྒྱས་གོང་འཕེལ་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིན་པའི་སྐོར་ གསལ་བཤད་འབད་ཡི།
ཁོ་གིས་འབད་བ་ཅིན་ གལ་སྲིད་ སྲིད་ཚོགས་དེ་ བཙག་འཐུ་འགྲུབ་པ་ཅིན་ མི་སེར་གྱི་ སོ་ནམ་ལས་སྣ་ཚུ་ ཡར་རྒྱས་གཏང་ཐབས་ལུ་ སྤྱི་འོག་རེ་ལུ་ ཞིང་རྨོ་འཕྲུལ་རེ་ མཁོ་སྤྲོད་འབད་ནི་ཨིནམ་མ་ཚད་ ད་རེས་ནངས་པ་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་ཡོད་མི་དེ་ཡང་ ཐབས་ལམ་བཏོན་ཐོག་ལས་ བསལ་ཐབས་འབད་ནི་གི་ ཁས་བླངས་ཡོད་ཟེར་ཨིན་པས། 
ཁ་ཙ་ ཀླུ་མང་གི་ སྤྱིར་བཏང་བཏང་གྲོས་འཛོམས་ནང་ སྤྱིར་དབང་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༢༧ ལང་མི་ ངག་དབང་ཆོས་སྒྲོན་དང་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༤༤ ལང་མི་ དཀོན་མཆོག་ཚེ་རིང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༤༥ ལང་མི་ ལྷ་ཕྲུག་ དེ་ལས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༣༥ ལང་མི་ ཀརྨ་བསྟན་འཛིན་༤ གིས་ཡང་ རང་སོའི་ཚོགས་པའི་ ལྟ་བ་དང་ ཁས་བླངས་གསལ་བསྒྲགས་ཚུ་གི་སྐོར་ལས་ གསལ་བཤད་འབད་ཡོདཔ་མ་ཚད་ ཚོགས་པ་གཅིག་གིས་གཅིག་ལུ་ དམའ་ཕབ་དང་ ཁ་བཏང་མི་ཚུ་གི་སྐོར་ལས་ཡང་ གསལ་བཤད་འབད་ཡི།
ཁྲིམས་ཤིང་འདེམས་ཁོངས་ནང་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་༦,༡༧༡ དང་ ཀླུ་མང་རྒེད་འོག་ནང་༣,༧༦༣ ཡོདཔ་ཨིན་པའི་གནས་ཚུལ།
                        ཝམ་རོང་ལས་ རིག་འཛིན་དབང་ཕྱུག།


No comments:

Post a Comment