གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༢༩/༥/༢༠༡༣   རང་མོས་རྣམ་དག་ཐོག་ལས་ ཚོགས་རྒྱན་བཙུགས་པའི་རེ་སྨོན།
༉ ད་རེས་ནངས་པ་ རྒྱལ་ཁབ་མཐའ་དབུས་མེད་པར་ ཆང་ཁང་ཆུང་ཀུ་ཅིག་ལས་ འགོ་བཟུང་སྟེ་ ཁྲོམ་ཚོགས་ཚུ་ནང་ ག་ཏེ་འགྱོ་བལྟ་རུང་ མི་ཚུ་གཅིག་ཁར་འཛོམས་ཏེ་ སྲིད་དོན་ཚོགས་པ་ཚུ་གི་སྐོར་ལས་ སྐྱོན་དང་ཡོན་ཏན་དང་ བསྟོད་པ་དང་སྨད་པ་ཚུ་རྐྱབ་སྟེ་ བཤད་ཐོ་བཏང་སར་ མཐོངམ་མས་ཟེར་ཞུ་ནི།


དེ་བཟུམ་མའི་ མཐོང་སྣང་བྱུང་མི་ལུ་བལྟཝ་ད་ ང་བཅས་ར་ འབྲུག་མི་དྲག་ཞན་ཆེ་ཆུང་མེདཔ་ག་ར་ རྒྱལ་ཁབ་ལུ་ ཤ་ཞེན་ཡོད་པའི་ཁར་ ཚ་གྱང་ཡོད་པའི་ རྟགས་མཚན་ཅིག་ གསལ་སྟོན་འབདཝ་མས་ཟེར་ཞུ་ནི།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ང་བཅས་རའི་ འབྲུག་རྒྱལ་ཁབ་ཀྱི་ མི་སེར་ཚུ་ སྔོན་ལས་ད་ལྟོ་ཚུན་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་སྲོ་སྟེ་ དགའ་སྐྱིད་ཀྱི་དཔལ་ལུ་ལོངས་སྤྱོད་སྡོད་མི་དེ་ དམངས་གཙོའི་རིང་ལུགས་ལུ་ནང་འབད་རུང་ དེ་བཟུམ་སྦེ་ར་ རྐྱེན་བར་ཆད་དང་ མི་མཐུན་པའི་ཕྱོགས་ཚུ་ ག་ནི་ཡང་མ་འབྱུང་པར་ སྡོད་ནི་གི་ རེ་འདུན་སྦོམ་ཡོད་པ་ལུ་བརྟེན་ཏེ་ ཨིན་མས་ཟེར་ཞུ་ནི།
ཕྱིའི་རྒྱལ་ཁབ་ཚུ་ནང་འབད་བ་ཅིན་ དམངས་གཙོའི་རིང་ལུགས་ཀྱི་གཞི་འགྱམ་ སྒྲིང་སྒྲིང་མེད་པ་ལུ་བརྟེན་ དབང་ཤུགས་ཡོད་མི་ཚུ་གིས་ ཉམ་ཆུང་ཚུ་ལུ་ བང་དང་དབང་ཚད་བཙོངམ་མ་ཚད་ ངན་ལྷད་ཀྱི་དབང་དུ་ཐལ་ཏེ་ གོང་འཕེལ་གྱི་ལཱ་ཚུ་ འདྲ་མཉམ་སྦེ་ ལག་ལེན་འཐབ་མ་ཚུགས་པར་ གཞུང་དང་མི་སེར་གྱི་བར་ན་ ནང་འཁྲུགས་ལང་བའི་ཁར་ མིའི་ཚེ་སྲོག་དང་ རྒྱུ་ནོར་ཚུ་མེདཔ་བཏང་པའི་ ལོ་རྒྱུས་ཚུ་ གོཝ་མས་ཟེར་ཞུ་ནི།
དམངས་གཙོའི་རིང་ལུགས་དེ་ བསམ་སྤྱོད་བཟང་པོའི་ འགོ་ཁྲིདཔ་ཚུ་གིས་ རྩ་ཁྲིམས་ཆེན་མོ་དང་འཁྲིལ་ཏེ་ ཚུལ་བཞིན་དུ་ ལག་ལེན་འཐབ་ཚུགས་པ་ཅིན་ དེ་གིས་ རྒྱལ་ཁབ་ནང་ མི་སྡེའི་དཔལ་འབྱོར་གོང་འཕེལ་ལ་སོགས་པ་ཚུ་ ཡར་དྲག་གཏང་སྟེ་ དགའ་སྐྱིད་ཕུན་སུམ་ཚོགས་པའི་ ཉིམ་ཤར་ནིའི་ གོ་སྐབས་འདུག་ཟེར་ཞུ་ནི།
གལ་སྲིད་ ཚུལ་དང་མཐུན་པའི་སྒོ་ལས་ བསྟར་སྤྱོད་འབད་མ་ཚུགས་པ་ཅིན་ དམངས་གཙོའི་རིང་ལུགས་དེ་གིས་ གཞུང་དང་མི་སེར་གྱི་བར་ན་ བརྡབ་གསིག་རྐྱབ་མ་ཚད་ རྒྱལ་ཁབ་མགོ་མཇུག་སློག་ནིའི་ ཉེན་ཁ་སྦོམ་སྦེ་ར་ ཡོད་ཟེར་ཞུ་ནི།
རྒྱུ་མཚན་འདི་ལུ་བརྟེན་ ང་བཅས་རའི་ མི་དབང་ཡབ་སྲས་ཚུ་གིས་འབད་རུང་ དུས་ཨ་རྟག་ར་ མི་སེར་ཚུ་ལུ་ བཀའ་སློབ་ག་ཅི་གནངམ་སྨོ་ཟེར་བ་ཅིན་ དམངས་གཙོའི་རིང་ལུགས་ནང་ མི་སེར་ལུ་ཕན་པའི་ གཞུང་ལེགས་ཤོམ་ཅིག་ གདམ་ཁ་རྐྱབ་དགོ་པ་ཅིན་ མི་རེ་རེ་བཞིན་དུའི་ དབང་ཚད་ཐོག་ལུ་ཡོད་པའི་ ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་ ཚོགས་རྒྱན་དེ་ ཆགས་སྡང་ཕྱོགས་རིས་མེད་པར་ རང་མོས་རྣམ་དག་གི་ཐོག་ལས་ བཙུགས་དགོཔ་དེ་ དམིགས་བསལ་དུ་ གལ་ཆེ་ཟེར་ཨིན་མས།
ད་རེས་ནངས་པ་ ལོ་རྒྱུས་གོ་དོ་བཟུམ་འབད་བ་ཅིན་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་ཚུ་གིས་ རྒྱལ་ཁབ་དང་ མི་སེར་ལུ་ཕན་པའི་ ཚོགས་པ་དང་ འགོ་ཁྲིདཔ་ དེ་ལས་ འདེམས་ངོ་ཚུ་གི་ ལྕོགས་གྲུབ་དང་ འཇོན་ཐངས་ལུ་མ་བལྟ་བར་ གཅིག་གིས་གཅིག་ལུ་ རྒྱུད་བསྐུལ་དང་ ནང་གསུག་ དེ་ལས་ བར་དཀྲོགས་ཚུ་འབདཝ་མས་ཟེར་ཞུ་ནི།
ཨིན་རུང་ འབྲུག་མི་དྲག་ཞན་ཆེ་ཆུང་མེདཔ་ག་ར་གིས་ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ མི་དབང་ཡབ་སྲས་ཚུ་གིས་ བཀའ་སློབ་བཟང་པོ་གནང་མི་ཚུ་ ཐུགས་ཁར་བསྣམས་ཏེ་ རང་མོས་རྣམ་དག་ཐོག་ལས་ ཚོགས་རྒྱན་བཙུགས་འོང་མནོ་བའི་ རེ་སྨོན་སྦོམ་ཡོད་ཟེར་ ཞུ་ནི་ཨིན།

ཀུན་དགའ་རྣམ་རྒྱལ། ཐིམ་ཕུ་ ལྕང་ཇི་ཇི།

No comments:

Post a Comment