གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་ལུ་ འདེམས་ངོ་༣ གྱིས་ བསྐུལ་བསྒྲགས་འབད་ཡོདཔ།

༢༢/༥/༢༠༡༣   ༉ མོང་སྒར་འདེམས་ཁོངས་ཀྱི་དོན་ལུ་ ད་ལྟོ་ སྲིད་དོན་ཚོགས་པ་༣ གྱི་འཐུས་མི་ཚུ་གིས་ བསྐུལ་བསྒྲགས་འབད་ཡོད་རུང་ ཚོགས་པ་ཅིག་གིས་ ད་ལྟོའི་བར་ན་ཡང་ བསྐུལ་བསྒྲགས་འབད་ནི་མེད་པའི་ཁར་ སྤྱི་ཟླ་འདི་གི་ཚེས་༡༨ ལུ་ མོང་སྒར་རྫོང་ཁག་ ཙ་ཀ་གླིང་རྒེད་འོག་ སྟག་ཁམས་སྦིས་སྤྱི་འོག་ནང་ ཚོགས་པ་༣ གྱིས་ བསྐུལ་བསྒྲགས་འབད་བའི་སྐབས་ལུ་ མི་སེར་ཚུ་མགུ་འཐོམ་བྱུང་ཡོདཔ་ཨིན་པས།
འདེམས་ངོ་ཚུ་གིས་ མི་སེར་དང་འབྲེལ་བ་འཐབ་པའི་བསྒང་།


ད་ལྟོ་ཚུན་ ཁོང་གིས་གོ་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་ སྲིད་དོན་ཚོགས་པ་༤ ཡོདཔ་ཨིན་རུང་ བསྐུལ་བསྒྲགས་འབད་མི་ འདེམས་ངོ་༣ ལས་བརྒལ་ ལྷོད་མ་ཚུགས་མི་ལུ་བརྟེན་ཨིནམ་ད་ དེ་ཡང་ མི་སེར་དམངས་གཙོ་ཚོགས་པའི་འཐུས་མི་དེ་ མེད་མི་ལུ་བརྟེན་ཨིན་པས།
ས་གནས་ནང་ མི་སེར་༥༠ ལྷགཔ་ཅིག་འཛོམས་ཡོདཔ་ད་ འབྲུག་སྤྱིར་དབང་ཚོགས་པའི་འདེམས་ངོ་ རྡོ་རྗེ་སྒྲོལ་མ་གིས་ སླབ་མིའི་ནང་ ཚོགས་པ་དེ་ མི་སེར་ཉམ་ཆུང་གི་ སྐྱིད་སྡུག་ལྟ་ཤེས་མི་ཚོགས་པ་ཅིག་ཨིནམ་ལས་ ཚོགས་པ་དེ་གིས་ རྒྱལ་ཁབ་ནང་ ལེགས་འགྱུར་འོང་ཚུགས་པའི་ སྲིད་ཚོགས་ཅིག་ཨིན་ཟེར་ཨིན་པས།
མོ་གིས་ སྤྱིར་དབང་ཚོགས་པའི་ནང་ བཅའ་མར་གཏོགས་མི་དེ་ཡང་ ད་རེས་ནངས་པ་ རྒྱལ་ཁབ་ནང་ ལཱ་གཡོག་མ་འཐོབ་མི་ ན་གཞོན་ལེ་ཤ་ཡོདཔ་ལས་ ཁོང་ཆ་ཁྱབ་ འབྲུག་གི་མི་ཁུངས་མེནམ་བཟུམ་སྦེ་ རྒྱབ་ཁར་སྐྱུར་བཞག་ནི་མི་འོང་ཟེར་ཨིནམ་ལས་ གལ་སྲིད་ སྤྱིར་དབང་བཙག་འཐུ་འགྲུབ་པ་ཅིན་ ན་གཞོན་གྱི་ དཀའ་ངལ་བསལ་ནི་ཟེར་ཨིན་པས།
མི་རྒྱུ་སྟོབས་ཅན་དང་ གོ་གནས་ཡོད་མིའི་ ཨ་ལུ་ཚུ་འབད་བ་ཅིན་ འགྲུལ་འཕྲིན་གྱི་ཐོག་ལས་ཡང་ ལཱ་གཡོག་འཐོབ་དོ་ཡོདཔ་ལས་ དཀའ་ངལ་ནང་ སྡོད་མི་ན་གཞོན་ཚུ་ མི་ཉམ་ཆུང་གི་ཨ་ལུ་ཙང་ཙང་ཨིནམ་ལས་ ད་ལྟོ་ལས་ ལེགས་བཅོས་མ་འབད་བ་ཅིན་ མ་འོངས་པའི་མི་སེར་ མེདཔ་བཏངམ་ཨིན་ཟེར་ཨིན་པས།
དེ་མ་ཚད་ མི་ཉམ་ཆུང་འབད་བ་ཅིན་ སྨན་བཅོས་འབད་ནི་ལུ་ཡང་ ལཱ་ཁག་བཏང་དོ་ཡོདཔ་ལས་ གསོ་བའི་ཞབས་ཏོག་དེ་ ལེགས་ཤོམ་བཟོ་ནི་ཟེར་ཨིནམ་མ་ཚད་ ཤེས་རིག་ནང་ཡང་ ལེགས་བསྒྱུར་འབད་དགོ་འདུག་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ འཇིགས་མེད་བཟང་པོ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ ཚོགས་པ་གཞན་ཚུ་གིས་ བསྐུལ་བསྒྲགས་དེ་ ཨ་ལུ་ཆུང་ཀུ་ཚུ་ལུ་ གུ་རམ་བྱིན་དོ་བཟུམ་གྱི་ བསྐུལ་བསྒྲགས་འབད་སར་ གོ་མི་དེ་ཡང་ མི་སེར་ཚུ་ལུ་ འཕྲུལ་ཁང་དང་ ས་བརྐོ་འཕྲུལ་ཆས་ གནམ་གྲུ་ལ་སོགས་པ་ཚུ་བྱིན་ནི་ཟེར་ སླབ་མི་དེ་ དོན་ངོ་མ་ལུ་ མི་སེར་ཚུ་ལུ་ ཞབས་ཏོག་སྒྲུབ་ཚུགསཔ་བཟུམ་ཅིག་ མ་མཐོང་ཟེར་ཨིན་པས།
ཨིན་རུང་ འབྲུག་མཉམ་རུབ་ཀྱིས་འབད་བ་ཅིན་ མི་སེར་མཉམ་རུབ་ཐོག་ལས་འཚོགས་ཡོད་པའི་ ཚོགས་པ་ཅིག་འབད་མི་ལུ་བརྟེན་ ཚོགས་པ་ནང་ ཕྱག་ཞུ་མི་ཡང་ མི་སེར་གྱི་སྐྱིད་སྡུག་ཧ་གོ་མི་ དྲུང་འཚོ་བགྲེསཔ་ གཟིམ་དཔོན་བགྲེསཔ་ སློབ་དཔོན་བགྲེསཔ་ དགེ་བགྲེས་ ལ་སོགས་པ་ ཤེས་ཡོན་ནང་ ཉམས་མྱོང་ཅན་ཚུ་ཡོདཔ་ལས་ ཚོགས་པ་དེ་གིས་ མི་སེར་གྱི་མཐའ་དོན་འགྲུབ་ཚུགས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འབྲུག་པའི་མི་སེར་ཚུ་གིས་ མནོ་བསམ་ཐེབས་བཏང་སྟེ་ སྲིད་དོན་ཚོགས་པ་ལེགས་ཤོམ་ཅིག་ གདམ་འཐུ་འབད་ནིའི་དུས་ཚོད་ ན་འཐན་ར་ རན་ཡོད་མི་དེ་ཡང་ རྒྱལ་ཁབ་གཞན་ཁར་ དམངས་གཙོའི་ལམ་ལུགས་ལུ་བརྟེན་ མི་སེར་ཚུ་ལུ་ ཞི་བདེ་མེད་པར་ ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རང་གི་ཐོན་ཁུངས་ལས་ལྷག་སྟེ་ ད་རེས་ནངས་པ་ རྒྱལ་ཁབ་དེ་ བུ་ལོན་གྱི་འོག་ལུ་ཚུད་ཡོདཔ་ལས་ མི་སེར་ཚུ་ ཚ་གྱང་ལང་དགོཔ་ཡོད་ཟེར་ཨིནམ་ད་ དམངས་གཙོའི་རིང་ལུགས་ལུ་བརྟེན་ མི་སེར་ཚུ་ སོ་སོ་མེན་པར་ གཅིག་མཐུན་ཐོག་ལས་ སྲིད་ཚོགས་ལེགས་ཤོམ་ གདམ་འཐུ་འབད་དགོ་ཟེར་ཨིན་པས།
ད་རེས་ནངས་པ་ མི་སེར་ཚུ་གིས་ བརྡ་དཀྲོགས་འབད་ཐོག་ལས་ སྲིད་ཚོགས་གཞན་གྱི་ ལྟ་བ་དང་ རྒྱབ་ཁུངས་ཚུ་ ཉན་ནི་མེདཔ་ལས་ འདི་བཟུམ་གྱི་ ལཱ་བྱ་ཚུ་ ཡུན་རིངམོ་སྦེ་ར་གནས་ཏེ་སྡོད་པ་ཅིན་ སྲིད་ཚོགས་ལྕོགས་གྲུབ་ ཡོད་མེད་མི་ཤེས་ཟེར་ཨིནམ་ད་ མི་སེར་ཚུ་གིས་འབད་རུང་ སྲིད་ཚོགས་ག་ར་གི་ལྟ་བ་ ཉན་དགོ་ཟེར་ཨིནམ་ད་ དེ་སྦེ་ལྟ་བ་ཧ་གོ་དགོ་མི་དེ་ ཕུག་ལུ་ཕན་པའི་ སྲིད་ཚོགས་ གདམ་འཐུ་འབད་ཚུགས་འཐབ་ལུ་ ཨིན་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀརྨ་ལྷ་མོ་གིས་འབད་བ་ཅིན་ ད་ལྟོ་ རྒྱལ་ཁབ་ནང་ བུ་ལོན་ཡོད་མི་དེ་ རྒྱལ་ཁབ་ ཡར་རྒྱས་འགྱོ་བའི་བསྒང་འབདཝ་ལས་ བུ་ལོན་མ་ལེན་པར་ གོང་འཕེལ་གྱི་ལཱ་འབད་ནི་ལུ་ ལྕོགས་གྲུབ་མེད་ཟེར་ཨིནམ་ད་ ད་རེས་བུ་ལོན་བཟོ་སྟེ་ གོང་འཕེལ་གྱི་ལཱ་ལུ་ མ་བརྩོན་པ་ཅིན་ རང་མགོ་རང་འདྲོངས་སྦེ་སྡོད་ཚུགས་ནི་དེ་ ང་བཅས་ཀྱི་སྐབས་ལུ་ཕར་བཞག་ མ་འོངས་བུ་གཞི་ཚུ་གི་སྐབས་ལུ་ཡང་ བཟོ་ཚུགས་པར་ ལཱ་ཁག་བཏང་འོང་ཟེར་ཨིན་པས།
དེ་མ་ཚད་ བུ་ལོན་འཚོལ་བའི་སྐབས་ལུ་ ལེགས་ཤོམ་འབད་བརྟག་ཤིང་དཔྱད་དེ་མ་གཏོགས་ རྒྱལ་ཁབ་གཞན་གྱིས་ ག་ལྷོད་མི་བྱིན་ཟེར་ཨིནམ་ལས་ ད་རེས་བུ་ལོན་བཟོ་མི་དེ་གིས་ མ་འོངས་པའི་ནང་ རང་མགོ་རང་འདྲོངས་སྦེ་ སྡོད་ཚུགས་ཟེར་ཨིནམ་ད་ གལ་སྲིད་ མི་སེར་ཚུ་གིས་རྒྱབ་སྐྱོར་ལུ་བརྟེན་ བཙག་འཐུ་འགྲུབ་པ་ཅིན་ ལོ་བདུན་གྱི་རྒྱབ་ལས་ མི་སེར་ཚུ་ རང་མགོ་རང་འདྲོངས་ བཟོ་ཚུགས་ཟེར་ཨིན་པས།
རང་མགོ་རང་འདྲོངས་བཟོ་དགོ་པ་ཅིན་ འཁོར་ལམ་དང་ གློག་མེ་ལ་སོགས་པའི་མཐུན་རྐྱེན་ཚུ་ མེད་ཐབས་མེདཔ་ཅིག་ཨིནམ་ལས་ ད་ལྟོ་ བཏོན་ཡོད་པའི་འཁོར་ལམ་ཚུ་ ཧེང་སྐལ་ལེགས་ཤོམ་བཟོ་ནི་དང་ འཁོར་ལམ་དང་ གློག་མེ་མེད་མི་ཚུ་ནང་ གློག་མེ་བཙུགས་ཏེ་ གྲོང་གསེབ་དེ་ དགའ་ཏོག་ཏོ་ཅིག་གི་ གནས་སྟངས་བཟོ་ནི་ལུ་ བརྩོན་ནི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ འདས་པའི་ལོ་༥ གི་རིང་ལུ་ ཕྱག་ཞུ་ནི་གོ་སྐབས་ཐོབ་མི་དེ་ཡང་ མི་སེར་ཚུ་གིས་ བློ་གཏད་ཡིད་ཆེས་སྦོམ་ཡོད་མི་ལུ་བརྟེན་ཨིནམ་ལས་ ད་ལས་ཕར་འབད་རུང་ མི་སེར་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་གནང་འོང་མནོ་བའི་རེ་བ་ཡོད་མི་དེ་ཡང་ ལོ་༥ འི་ནང་ མི་སེར་ཚུ་ལུ་ ག་དེ་སྦེ་ཕྱག་ཞུ་ཡི་ག་ མི་སེར་ཚུ་གིས་ མིག་མཐོང་ལག་བཟུང་སྦེ་ ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment