གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་རྩེ་རྫོང་ཁག་གི་ མི་སེར་ཚུ་གིས་ ཚོགས་པ་ག་ལུ་ གདམ་ཁ་རྐྱབ་ནི་ཨིན་ན་ སེམས་ཐག་བཅད་ཚར་ཡོདཔ།

༣༠/༥/༢༠༡༣   ༉ ནངས་པར་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་བཙག་འཐུ་ འགོ་འདྲེན་འཐབ་ནི་ཨིནམ་ལས་ ལྷུན་རྩེ་རྫོང་ཁག་གི་ མི་སེར་མང་ཤོས་ཅིག་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ སྲིད་ཚོགས་ཀྱི་འདེམས་ངོ་དང་ ཚོགས་པའི་གཙོ་འཛིན་ཚུ་གིས་ ཁོང་རའི་ཚོགས་པའི་ལྟ་བ་དང་ གཞི་རྩ་ ཁས་བླངས་གསལ་བསྒྲགས་ཚུ་ ལེགས་ཤོམ་སྦེ་ ཧ་གོ་ཡོདཔ་ལས་བརྟེན་ སྤྱིར་བཏང་བཙག་འཐུའི་དོན་ལུ་ ཁོང་རའི་ཧོངས་ལས་ ཚོགས་པ་ག་ གདམ་ཁ་རྐྱབ་ནི་ཨིན་ན་ སེམས་ཐག་བཅད་ཚར་ཏེ་ ཡོད་ཟེར་ཨིན་པས།
བསྐུལ་བསྒྲགས་ནང་འོང་མི་ ལྷུན་རྩེའི་མི་སེར་ཚུ།


རྫོང་ཁག་དེ་ནང་ གདེམས་ཁོངས་༢ ཡོདཔ་བཞིན་དུ་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་ཆོག་མི་༡༥,༩༢༢ ཡོདཔ་ད་ ཚོགས་པ་༤ གི་ གདེམས་ངོ་ཚུ་གིས་ ཁོང་རའི་འདེམས་ཁོངས་ཚུ་ནང་ ཁས་བླངས་གསལ་བསྒྲགས་ཚུ་ཡང་ འབད་ཚར་ཡི་ཟེར་ གདེམས་ངོ་ཚུ་གིས་ སླབ་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ སྤྱི་ཚོགས་༢ པའི་དོན་ལུ་ སྲིད་ཚོགས་༤ ཡོདཔ་ལས་བརྟེན་ སྲིད་ཚོགས་ཀྱི་ གཙོ་འཛིན་ཚུ་གིས་འབད་རུང་ རྫོང་ཁག་གི་ མི་སེར་ཚུ་དང་ཕྱད་དེ་ ཁོང་རའི་ལྟ་བ་དང་ ཁས་བླངས་ཚུ་འབད་ཡོདཔ་ལས་ མི་སེར་ཚུ་ མགུ་འཐོམ་དགོཔ་མེད་ཟེར་ཨིནམ་ད་ ཨིན་རུང་ མི་སེར་ལ་ལུ་ཅིག་གིས་འབད་བ་ཅིན་ ཚོགས་རྒྱན་དེ་ ག་ལུ་བཙུགས་ནི་ཨིན་ན་ ཚོགས་རྒྱན་གྱི་ཉིནམ་ལུ་རྐྱངམ་གཅིག་ ཤེས་ཚུགས་ནི་མས་ཟེར་ཨིན་པས།
མི་སེར་ལ་ལུ་ཅིག་གིས་འབད་བ་ཅིན་ གལ་སྲིད་ སྲིད་ཚོགས་གསརཔ་ཚུ་ བཙག་འཐུ་འགྲུབ་སོ་པ་ཅིན་ འཆར་གཞི་དང་ གོང་འཕེལ་གྱི་ལཱ་ཚུ་ འཕྲོ་མཐུད་འབད་ནི་ལུ་ བར་ཆད་མི་འབྱུང་ག་ཟེར་བའི་ དོགས་སྣང་བསྐྱེད་དོ་ཡོདཔ་ད་ ལ་ལུ་ཅིག་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ཡར་རྒྱས་ཀྱི་འགྱུར་བ་དེ་ གནས་སྐབས་གསརཔ་བཏོན་ཐོག་ལས་ ཚོགས་པ་གསརཔ་གིས་ འབད་ཚུགས་ནི་ཨིནམ་ལས་ སྲིད་ཚོགས་གསརཔ་ལུ་ རྒྱབ་སྐྱོར་འབད་དགོཔ་འདུག་ཟེར་ཨིན་པས།
སོ་ནམ་པ་ཅིག་གི་ དོགས་པ་ལས་འབད་བ་ཅིན་ གལ་སྲིད་ སྲིད་ཚོགས་གསརཔ་དེ་ བཙག་འཐུ་འགྲུབ་པ་ཅིན་ གོང་འཕེལ་གྱི་ལཱ་འབད་ནི་ལུ་ ཕྱི་རྒྱལ་ལས་ གྲོགས་རམ་ཚུ་ག་དེ་སྦེ་ འཐོབ་ཚུགས་ག་ཟེར་ཨིནམ་ད་ དེ་ཡང་ ད་ལྟོ་ འབྲུག་མི་ཚུ་གི་ཁྱད་ཆོས་དེ་ ཧེ་མའི་གཞུང་སྐྱོང་ནང་གི་ འདེམས་ངོ་ཚུ་བཟུམ་སྦེ་ མེདཔ་ལས་བརྟེན་ཨིན་ཟེར་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ འདེམས་ཁོངས་༢ ཀྱི་ཚོགས་པའི་ འདེམས་ངོ་ཚུ་གིས་འབད་རུང་ གོ་བ་ཚུ་ལེགས་ཤོམ་སྤྲོད་ཡོདཔ་མ་ཚད་ གཙོ་འཛིན་ཚུ་གི་གྲས་ལས་ མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་གྱིས་ ཀུར་སྟོད་དང་ སྒང་ཟུར་ སྟང་མ་ཆུ་ དེ་ལས་ ཨའུ་ཚོ་ལུ་ མི་སེར་ཚུ་ལུ་ ཚོགས་པའི་སྐོར་ལས་ གསལ་བཤད་འབད་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པའི་ གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་གྱིས་ཡང་ སྨན་སྦིས་བཙན་མཁར་གྱི་མི་སེར་ཚུ་ སྟག་མོ་ཆུ་དང་ སྒང་ཟུར་ སྨིན་རྒྱས་ཀྱི་མི་སེར་ཚུ་ ཕུ་ཡུམ་འབྲིང་རིམ་སློབ་གྲྭ་གོང་མ་ནང་སྦེ་ ཕྱད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འབྲུག་སྤྱིར་དབང་ཚོགས་པའི་ གཙོ་འཛིན་གྱིས་ ལྷུན་རྩེ་རྫོང་ཁག་གི་ མི་སེར་ཚུ་གི་དོན་ལུ་ མི་སེར་ཚུ་ ཨའུ་ཚོ་ལུ་ཕྱད་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་འབད་བ་ཅིན་ ལྷུན་རྩེ་རྫོང་ཁག་གི་ མི་སེར་ཚུ་དང་ཕྱད་པར་ མ་ལྷོད་ཟེར་ མི་སེར་ཚུ་གིས་ སླབ་ཨིན་པས།
མི་སེར་ལ་ལུ་ཅིག་གིས་ སླབ་མིའི་ནང་ ཚོགས་རྒྱན་འཐོབ་དགོ་པ་ཅིན་ གཙོ་འཛིན་ཚུ་ལས་ཡང་ ཁོང་རའི་ཚོགས་པའི་སྐོར་ལས་ གསལ་བཤད་ཚུ་ ཉན་དགོཔ་འདུག་ཟེར་ཨིནམ་ད་ མི་སེར་ལ་ལུ་ཅིག་གིས་འབད་བ་ཅིན་ གཙོ་འཛིན་དང་ འདེམས་ངོ་ཚུ་གིས་ སླབ་མིའི་བློ་དེ་ དུང་ཅུང་ཅིག་ལས་བཙག་པའི་ བློ་ཨིནམ་ལས་ ཉན་ནི་ལུ་ ཁུངས་ཅིག་མ་མཐོང་ཟེར་ཨིན་པས།
མི་སེར་ཚུ་གིས་འབད་རུང་ དུས་ཅི་ རྒྱལ་ཁབ་ནང་ སྲིད་དོན་ཚོགས་པ་༤ ཡོདཔ་ལས་ གདམ་འཐུ་འབད་ནི་དེ་ ལཱ་ཁག་འོང་ནི་ཨིན་རུང་ སྤྱི་ལོ་༢༠༠༨ ནང་བཟུམ་སྦེ་ འཛོལ་བ་དེ་ རྩ་ལས་མི་བཟོ་ཟེར་ཨིནམ་ད་ བཙན་མཁར་ལས་ སོ་ནམ་པ་ ལས་སྐྱིད་བཟུམ་ཅིག་ལུ་འབད་བ་ཅིན་ ཁོ་ར་ སོ་ནམ་པ་ཅིག་ཨིནམ་ལས་ ཚོགས་པ་ལེགས་ཧིང་ག་དེ་སྦེ་ གདམ་འཐུ་འབད་དགོཔ་ཨིན་ན་ ཤེས་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།
རྫོང་ཁག་དེ་ནང་ འདེམས་ཁོངས་༢ ཡོདཔ་ད་ དེ་ཡང་ སྒང་ཟུར་སྨིན་རྒྱས་དང་ སྨན་སྦིས་ བཙན་མཁར་འདེམས་ངོ་ཨིནམ་ད་ འབྲུག་སྤྱིར་དབང་ཚོགས་པའི་འདེམས་ངོ་ བསྟན་འཛིན་ལྷ་མོ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ མོ་རའི་ཚོགས་པའི་ལྟ་བ་དང་ གཞི་རྩ་ ཁས་བླངས་གསལ་བསྒྲགས་ཚུ་ལུ་ མི་སེར་ཚུ་ངལ་རངས་ཡོད་ཟེར་ཨིན་རུང་ འཇིགས་མེད་ནོར་བུ་གིས་འབད་བ་ཅིན་ ད་ལྟོ་ཚུན་ མི་སེར་ལ་ལུ་ཅིག་ ཚོགས་པ་གཞན་ཚུ་གིས་ སེམས་གྱུར་བཏང་ཡོདཔ་ལས་ གྲུབ་འབྲས་ག་དེ་སྦེ་འོང་ག་ སླབ་མི་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀརྨ་རང་གྲོལ་གྱིས་འབད་རུང་ བསྐུལ་བསྒྲགས་ཚུ་ མ་བཏུབ་བཏུབ་སྦེ་ འབད་ཡོདཔ་ལས་ མི་སེར་ཚུ་གིས་འབད་རུང་ རྒྱབ་སྐྱོར་འཐོབ་ཚུགས་པའི་རེ་བ་ཡོད་ཟེར་ཨིནམ་ད་ ཚེ་རིང་བསྟན་འཛིན་གྱིས་འབད་རུང་ འགོ་ཐོག་བཙག་འཐུ་དེ་ མཐར་འཁྱོལ་ཅན་འགྱུར་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ བསོད་ནམས་དོན་གྲུབ་ཀྱི་འབད་རུང་ ད་ལྟོ་ཚུན་ ཁོ་གིས་ གཡུས་སྒོ་ཚུ་ཆ་མཉམ་ར་ བཤལ་ཚར་ཡོདཔ་ལས་ མི་སེར་ཚུ་གིས་འབད་རུང་ ཚོགས་པ་དེ་ ག་བཟུམ་ཡོདཔ་ཨིན་ན་ ཤེས་ཤེསཔ་འོང་ཟེར་ཨིནམ་ལས་ གྲུབ་འབྲས་ལེགས་ཤོམ་འཐོན་འོང་མནོ་བའི་རེ་བ་དང་ ཚེ་དབང་སྒྲོལ་མ་གིས་འབད་རུང་ ཚོགས་པའི་སྐོར་ལས་ མ་བཏུབ་བཏུབ་སྦེ་ གོ་བ་སྤྲོད་ཡོདཔ་མ་ཚད་ མི་སེར་ཚུ་གིས་འབད་རུང་ ཁོང་གི་ཚོགས་པ་ནང་ མི་ག་བཟུམ་ཡོདཔ་ཨིན་ན་ཤེས་ཡོདཔ་ལས་ གྲུབ་འབྲས་ཅན་ལུ་ འགྱུར་ཚུགས་པའི་ སྨོན་ལམ་ཡོད་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ བློ་བཟང་རྡོ་རྗེ་གིས་འབད་རུང་ བསྐུལ་བསྒྲགས་ཚུ་འབད་བའི་སྐབས་ལུ་ མི་སེར་ཚུ་གིས་ ཚོགས་པ་དེ་ལུ་ ཡིད་ཆེས་དང་ངལ་རངས་ཡོད་ལུགས་ཚུ་ ཤེས་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིནམ་ད་ ཡེ་ཤེས་རྡོ་རྗེ་གིས་འབད་བ་ཅིན་ ད་ལྟོ་ཚུན་ ཁོ་གིས་ཡང་ ཁོ་རའི་འདེམས་ངོ་གི་ མི་སེར་ཚུ་དང་མཉམ་ལེགས་ཤོམ་འབད་ཡོད་རུང་ ཚོགས་རྒྱན་དེ་ གསང་བའི་ཚོགས་རྒྱན་ཨིནམ་ལས་བརྟེན་ གྲུབ་འབྲས་ག་ཅི་བཟུམ་འོང་ག་ སླབ་མི་ཚུགས་ཟེར་ ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment