གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོག་སྟེ་ར་ གཞུང་སྐྱོང་ནིའི་གོ་སྐབས་ཚར་གཅིག་ གནང་དགོ་པའི་བསྐུལ་མ།

༢༤/༥/༢༠༡༣   ༉ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་ངོ་ཚབ་ བརྒྱུད་འབྲེལ་བློན་པོ་བགྲེསཔ་ ནཱན་ད་ལཱལ་རའི་གིས་ རྩི་རང་ སྨོན་ལམ་ཆེན་མོའི་ཚོགས་ཁང་ནང་སྦེ་ ཁྲོམ་དང་ ཉེ་འདབས་ཀྱི་རྒེད་འོག་ཚུ་ནང་ལས་ མི་གྲངས་༡༤༠ ལྷགཔ་ཅིག་དང་ ཕྱད་ཡོདཔ་ཨིན་པས།
གཙོ་འཛིན་ངོ་ཚབ་ནཱན་ད་ལལ་གྱིས་ གསལ་བཤད་འབད་བའི་བསྒང་།


གཙོ་འཛིན་ངོ་ཚབ་ཀྱིས་ དེ་ཁར་འཛོམས་མི་ཚུ་ལུ་ དང་པ་ར་ འདས་པའི་ལོ་༥ འི་གཞུང་སྐྱོང་ནིའི་གོ་སྐབས་བྱིན་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ བཤད་པའི་ཤུལ་ལས་ དུས་ཅི་ཡང་ ལོག་སྟེ་ར་ ཚར་གཅིག་ གཞུང་སྐྱོང་ནིའི་གོ་སྐབས་གནང་དགོ་པའི་ བསྐུལ་མ་ འབད་ཡོདཔ་ཨིན།
ཁོ་གིས་ སླབ་མིའི་ནང་ གཞུང་སྐྱོང་གི་གནས་ཡུན་ངོ་མ་ ལོ་༤ དེ་ཅིག་གི་རིང་ ཚོགས་པ་གིས་ ཧེ་མ་འབད་མི་ཁས་བླངས་གསལ་བསྒྲགས་ཚུ་ མང་ཤོས་ར་བསྒྲུབས་ཚར་ཡོད་རུང་ རེ་གཉིས་འཐུས་ཤོར་བྱུང་མི་ཚུ་ འདས་པའི་ཉམས་མྱོང་ཚུ་ལུ་བརྟེན་ ག་དེ་སྦེ་ འགྲུབ་ནི་ཨིན་ན་ ལེགས་ཤོམ་སྦེ་ར་ ཤེས་རྟོགས་བྱུང་ཡོདཔ་ལས་ ད་རུང་ ལོག་སྟེ་ར་ ཕྱག་ཞུ་ནིའི་གོ་སྐབས་འཐོབ་པ་ཅིན་ ཧེ་མའི་འཆར་གཞི་ལྷག་ལུས་ཚུ་རྩིས་ཏེ་ སྔར་བ་ལྷགཔ་སྦེ་ ཕྱག་ཞུ་ཚུགས་ཟེར་ཨིན།
ད་རེས་ནངས་པ་ ས་ཕྱོགས་ག་ཏེ་འགྱོ་རུང་ གློག་མེ་དང་ སྣུམ་འཁོར་ལམ་ འཐུང་ཆུ་ སྨན་ཁང་ སློབ་གྲྭ་ འགྲུལ་འཕྲིན་ལ་སོགས་པའི་ མཐུན་རྐྱེན་ཚུ་གིས་ཁྱབ་སྟེ་ཡོད་མི་དེ་ དམངས་གཙོའི་གཞུང་དང་པ་གིས་ ལེགས་ཤོམ་སྦེ་ ཕྱག་ཞུ་མི་ལུ་བརྟེན་ཨིན་ཟེར་ ནཱན་ད་ལཱལ་གྱིས་ སླབ་ཡོདཔ་ཨིན།
ཁོ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ ག་ར་གིས་ ལོངས་སྤྱོད་ནི་ཡོད་མི་ ནང་འཁོད་གནམ་ཐང་གི་ཞབས་ཏོག་དེ་ འགོ་ཐོག་ལུ་ ལཱ་ཁག་ཡོདཔ་སྦེ་མཐོངམ་ཨིན་རུང་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གིས་ རྩ་འགེངས་ཏེ་ བཟོ་ཡོད་མི་དེ་ ད་རེས་ ཤོག་འཛིན་གྱིས་ཡང་མ་ལང་པའི་ འགྲུལ་མི་འོང་དོ་ཟེར་ཨིན་པས།
ལྟ་བཤལ་གྱི་གྱངས་ཁ་དེ་ ཧེ་མ་༢༤,༠༠༠ ལས་ལྷོད་ནི་མེད་རུང་ ད་རེས་ནངས་པ་ འབུམ་ལྷགཔ་ཅིག་གུ་ ཡར་སེང་སོང་མི་དེ་ གཞུང་གསརཔ་གིས་ ལྟ་བཤལ་གོང་འཕེལ་ལུ་ གཙོ་བོར་བཏོན་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ མི་རྩིས་ཀྱི་གནད་དོན་ཐད་ལུ་ གཞུང་གསརཔ་གིས་ གནད་དོན་རེ་རེ་སྦེ་ ཞིབ་དཔྱད་མཐིལ་ཕྱིན་འབད་བའི་ཤུལ་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཆ་འཇོག་འབད་དེ་ མི་དབང་མངའ་ཞབས་ཀྱི་ སྐུ་མདུན་ལུ་ ཕུལ་ཏེ་ཡོད་ཟེར་ཨིན་པས།
ཚོགས་པའི་ཁས་བླངས་པ་ཚུ་གི་གྲས་ལས་ ཚོང་ཁང་ཆུང་རིམ་ཚུ་ལུ་ ཁྲལ་ཡངས་ཆག་གཏང་ནི་དང་ ཞི་གཡོགཔ་དང་ ལས་འཛིན་གྱི་ལས་མི་ལ་སོགས་པ་ ཟླ་རིམ་དངུལ་ཕོགས་༡༧,༠༠༠ འོག་རྒྱུ་འབད་མི་ཚུ་ལུ་ རང་སོའི་འབབ་ཁུངས་ཀྱི་ ཁྲལ་བཏབ་མ་དགོཔ་བཟོ་ནི་ རུ་པའི་དཀའ་ངལ་བསལ་ནི་ དབུལ་ཕོངས་ཀྱི་དཀའ་ངལ་བསལ་ནི་ དེ་ལས་ སོ་ནམ་ཞིང་ལམ་ ལེགས་བཅོས་འབད་ནི་ཚུ་ ཨིན་ཟེར་ཨིན་པས།
ལཱ་གཡོག་དང་འབྲེལ་བའི་གནད་དོན་གྱི་ཐད་ལུ་ ངོ་ཚབ་ཀྱིས་ ཕྱི་རྒྱལ་ཁབ་ཚུ་ནང་ ལཱ་འབད་བ་འགྱོ་ནིའི་ དང་འདོད་ཅན་ཚུ་གི་དོན་ལུ་ ལཱ་གཡོག་ལྷན་ཁག་འོག་ལུ་ བློན་པོ་འོགམ་ཅིག་བསྐོ་བཞག་འབད་ནི་ཨིན་མི་དེ་གིས་ སྡོད་ཐམ་བི་ཟ་དང་ ཡིག་ཆས་གཞན་ཚུ་དང་འབྲེལ་བའི་ གཞུང་འབྲེལ་ལཱ་ཚུ་ལུ་ གཙོ་བོར་བཏོན་ནི་ཨིན་ཟེར་ཨིན་པས།
གཞུང་འབྲེལ་ཐོག་ལས་ མ་འགྱོཝ་འདྲཝ་ཅིག་འབད་བ་ཅིན་ འབྲུག་མི་མང་ཤོས་ཅིག་གིས་ ཕྱི་རྒྱལ་ཚུ་ནང་ སོང་ཞིནམ་ལས་ གཡིབ་སྡོད་དགོ་པའི་ དཀའ་ངལ་ ཐོན་བཞིན་དུ་ར་ ཡོད་ནི་དེ་གིས་ དཀའ་ངལ་དེ་བསལ་ཐབས་ཀྱི་དོན་ལུ་ ཨིན་ཟེར་ཨིན་པས།
ཚོགས་པའི་ངོ་རྟགས་ཀྱི་ཐད་ལུ་ ཁྲུང་ཁྲུང་དཀརམོ་༣ ཡོད་མི་དེ་གིས་ དཀོན་མཆོག་༣ དང་ རྩ་བ་༣ གྱི་བརྡ་མཚོན་བཏོན་པའི་ཁར་ རྣམ་ཅོག་གིས་ གོཝ་ཙམ་གཅིག་མེན་པར་ དངོས་མཐོང་ལུ་ ཤེས་རྟོགས་བྱུང་དགོཔ་གལ་ཆེ་ཟེར་བའི་བརྡ་མཚོན་བརྟོནམ་ཨིན་ཟེར་ཨིན་པས།
ཚོགས་པའི་ངོ་རྟགས་དང་ རྒྱབ་ཁུངས་ དེ་ལས་ ཤེས་ཚད་དང་ ཉམས་མྱོང་ཡོད་མི་ གཞུང་སྐྱོང་ནིའི་ལྕོགས་གྲུབ་ཅན་གྱི་འདེམས་ངོ་ཡོད་པའི་ ཚོགས་པའི་སྲིད་འཛིན་གྱི་ རྒྱབ་ཁུངས་ཚུ་ལུ་བལྟ་སྟེ་ ཚོགས་པ་དེ་ མཐའ་བཅད་ཀྱི་བཙག་འཐུའི་ནང་ ལྷོད་ཚུགས་པའི་ རྒྱབ་སྐྱོར་འབད་གནང་ཟེར་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༢༡ ལུ་ ངོ་ཚབ་ཀྱིས་ གསེར་གྱི་ཐང་དང་ རྩི་རང་སྟོད་རྒེད་འོག་༢ ཀྱི་ མི་སེར་༡༥༠ དང་གཅིག་ཁར་ ཕྱད་ཡོདཔ་ད་ ཁ་ཙ་ སྡེ་ཚན་དེ་གིས་ དར་དཀར་ནང་ལུ་ ཁས་བླངས་གསལ་བསྒྲགས་འབད་བར་ སོང་ཡོདཔ་ཨིན་པའི་གནས་ཚུལ།


རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment