གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་གྲྭའི་སོ་ནམ་ལས་རིམ་སྦྱོང་བརྡར།

༢༣/༥/༢༠༡༣   ༉ ཏའི་ཝཱན་ལུ་ཡོད་མི་ ཨེ་ཤི་ཡཱན་ཚོད་བསྲེ་ཞིབ་འཚོལ་གོང་འཕེལ་ལྟེ་བ་དང་ ནགས་ཚལ་དང་སོ་ནམ་ལྷན་ཁག་ དེ་ལས་ ཤེས་རིག་ལྷན་ཁག་གསུམ་གྱི་བར་ན་ ལོ་ངོ་༨ ཀྱི་ལས་འགུལ་ཅིག་ འགོ་བཙུགས་ནི་གི་ འཆར་གཞི་ཡོད་མི་དེ་གིས་ འབྲུག་པའི་སློབ་གྲྭ་ཁག་ཚུ་གིས་ ཧེ་མ་ལས་འབད་སྲོལ་ཡོད་མི་ སློབ་གྲྭའི་སོ་ནམ་ལས་རིམ་ ལག་ལེན་འཐབ་ནི་ལུ་ ལྷན་ཐབས་སྦོམ་འབད་ཚུགས་ནི་ཨིན་པས།
ལས་འགུལ་གྱི་འགོ་དཔོན་ཚུ་དང་ སློབ་ཕྲུག་ཨ་ལུ་ཚུ།


ནགས་ཚལ་དང་སོ་ནམ་ལྷན་ཁག་གི་ ལས་རིམ་འགོ་དཔོན་ བི་བི་རའི་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལས་རིམ་དེ་ཡང་ ལྟེ་བ་དེ་གིས་ འགོ་ཐོག་མོ་བཏབ་ཀྱི་དོན་ལུ་ སྤུ་ན་ཁ་ལུ་ཡོད་མི་ ཝ་ལ་ཐང་སློབ་གྲྭ་ཆུང་བ་དང་ ཧཱ་ལུ་ ཚ་འཕེལ་འབྲིང་རིམ་སློབ་གྲྭ་བར་མ་དེ་ལས་ སྤ་རོ་ལུ་ ཟླ་བ་ཁ་འབྲིང་རིམ་སློབ་གྲྭ་བར་མ་གསུམ་ནང་ འགོ་བཙུགས་ནི་ཨིནམ་ལས་ སློབ་གྲྭ་དེ་ཚུ་གི་ སློབ་དཔོན་དག་པ་ཅིག་ལུ་ ལས་རིམ་དང་འབྲེལ་བའི་ སྦྱོང་བརྡར་ཚུ་ བྱིན་ནི་ཨིན་ཟེར་ཨིན་པས།
བི་བི་རའི་གིས་ ལས་རིམ་དེ་གི་དོན་ལུ་ ཕན་ཚུན་གྱི་ཆིངས་ཡིག་ག་ནི་ཡང་ བཟོ་སྟེ་མེད་པའི་ཁར་ མ་དངུལ་ག་དེམ་ཅིག་ གྲོགས་རམ་འབད་ནི་ཨིན་ན་ཡང་ གཏན་འཁེལ་མེད་རུང་ ད་རེས་ཀྱི་ ལོ་མཇུག་བསྡུ་ཁམས་ལུ་ འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
མོ་བཏབ་ལས་རིམ་དེ་ནང་ བི་བི་རའི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོད་བསྲེ་གི་རིགས་ཚུ་ཡང་ ཧེ་མ་ལས་ཡོད་མི་ཚུ་མེན་པར་ སློབ་ཕྲུག་ཚུ་གི་ གཟུགས་ཁམས་འཕྲོད་བསྟེན་ལུ་ ཕན་པ་ཡོད་པའི་ ནུས་ཤུགས་ཅན་གྱི་རིགས་ཚུ་འཛུགས་སྐྱོང་འབད་ནི་གི་ འཆར་གཞི་ཨིནམ་ལས་ ཚོད་བསྲེ་གི་སོན་ཚུ་ཡང་ ཕྱིའི་རྒྱལ་ཁབ་ཚུ་ལས་ ཉོ་འབག་ནི་ཨིན་པས།
དེ་ཡང་ ཁོ་གིས་བཤད་དོ་བཟུམ་འབད་བ་ཅིན་ ལྟེ་བ་ལས་འོང་མི་ འགོ་དཔོན་ཚུ་གིས་ སློབ་གྲྭའི་སོ་ནམ་སྡེ་ཚན་ཚུ་གིས་ འཛུགས་སྐྱོང་འབད་མི་ ཚོད་བསྲེ་ཚུ་ལུ་ལྟཝ་ད་ བཅུད་ལེགས་ཤོམ་མེད་མི་ཚུ་ཡོད་པའི་ ངོས་འཛིན་བྱུངམ་ལས་ དཔེ་འབད་བ་ཅིན་ ཧོན་ཚོད་འབད་བ་ཅིན་ ཚོས་གཞི་སོ་སོར་ཡོད་མི་ཚུ་ ཕྱིའི་རྒྱལ་ཁབ་ཚུ་ལས་ སོན་འབག་འོང་ནི་ཨིན་ཟེར་བཤད་ཅི།
ལས་རིམ་དེ་ གཙོ་བོ་ར་ སློབ་ཕྲུག་ཨ་ལུ་ཚུ་ལུ་ བྱིན་ནི་གི་ དམིགས་གཏད་ཨིནམ་ལས་ བཅའ་མར་གཏོགས་མི་ སློབ་དཔོན་ཚུ་གིས་ ཨ་ལུ་ཚུ་ལུ་ ཚོད་བསྲེ་བཙུགས་ཐངས་དང་ བཟོ་ཐངས་ དེ་ལས་ ག་ཅི་རང་བཙུགས་ནི་ཨིན་ནའི་སྐོར་ལས་ སློབ་སྟོན་འབད་ནི་དང་ ཚོད་བསྲེའི་རིགས་མ་འདྲཝ་བསྡོམས་༡༠ དེ་ཅིག་ བཙུགས་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
ངོས་འཛིན་འབད་མི་ སློབ་གྲྭ་ཚུ་གིས་ སྤྱི་ལོ་༢༠༡༤ ལས་ ལས་རིམ་དེ་ འགོ་བཙུགས་ནི་ཨིནམ་ད་ ལོ་དེ་གི་ཤུལ་ལས་ ད་རུང་ གཞན་མི་ སློབ་གྲྭ་ཚུ་ནང་ཡང་ འགོ་བཙུགས་ནི་གི་ འཆར་གཞི་ཡོདཔ་བཞིན་དུ་ ལོ་༥ འི་ནང་འཁོད་ལུ་ སློབ་གྲྭ་བསྡོམས་༢༠ དེ་ཅིག་ནང་ ལས་རིམ་འགོ་འདྲེན་འཐབ་ཚུགས་པའི་ དམིགས་གཏད་ཡོདཔ་ཨིན་པས།
ཧེ་མ་ལས་ཡོད་མི་ སློབ་གྲྭའི་སོ་ནམ་ལས་རིམ་དེ་ནང་འབད་བ་ཅིན་ ཨ་ལུ་ཚུ་གིས་ ཚོད་བསྲེ་ཚུ་ འཛུགས་སྐྱོང་འབད་དེ་ ཚོང་འབྲེལ་གྱི་དོན་ལུ་ཡང་ ལག་ལེན་འཐབ་ཡོད་རུང་ ད་རེས་ཀྱི་ལས་རིམ་དེ་ བཟའ་སྤྱོད་འབད་ནི་གི་ཨིན་པས།
ད་ལྟོ་ སློབ་གྲྭ་བརྒྱ་ཆ་༤༠ ནང་ སློབ་གྲྭའི་ སོ་ནམ་ལས་རིམ་གྱིས་ ཁྱབ་སྟེ་ཡོདཔ་ད་ ལྟེ་བ་དེ་ལས་འོང་མི་ འཐུས་མི་ཚུ་གིས་ ལས་རིམ་ལྟ་ཞིབ་དང་འབྲེལ་ ཟླ་བ་ཁ་ལུ་ཡོད་མི་ ལས་རིམ་ནང་སོང་ཡོདཔ་ད་ དེ་ཁའི་ སློབ་ཕྲུག་དང་ སློབ་དཔོན་ཚུ་ལུ་ ལས་རིམ་དེ་གི་དོན་ལུ་ ཁོང་གིས་ རྒྱབ་སྐྱོར་ག་བཟུམ་འབད་ནི་ཨིན་ནའི་སྐོར་ལས་ གསལ་བཤད་ཚུ་ཡང་ འབད་ཡོདཔ་ཨིན་པས།
ལྟེ་བའི་ཡོངས་ཁྱབ་མདོ་ཆེན་ ཌོག་ཊར་ ཇཱོན་ དོ་ནུག་ ཀི་ཡ་ཊིང་གིས་ ལས་རིམ་དེ་ མཐར་འཁྱོལ་ཅན་འགྱོ་དགོ་པ་ཅིན་ སློབ་གྲྭའི་ཁ་ཐུག་ལས་ཡང་ རྒྱབ་སྐྱོར་ཚུ་དགོ་ཟེར་ བཤད་ཡོདཔ་ཨིན་པས།

དེ་བཟུམ་མའི་ ལས་རིམ་དེ་ ནེ་པཱལ་དང་ ཕི་ལི་པིནསི་ ཨིན་ཌོ་ནེ་ཤི་ཡ་དང་ ཨཱཕ་རི་ཀའི་རྒྱལ་ཁབ་ཚུ་ནང་ འགོ་བཙུགས་ཏེ་ཡོདཔ་ཨིན་པའི་གནས་ཚུལ།
བཀྲ་ཤིས་བསྟན་འཛིན།

No comments:

Post a Comment