གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧཱ་རྫོང་ཁག་ནང་ ལྷ་གསརཔ་བ་ འདྲེ་རྙིངམ་དྲག་འོང་ཟེར་བའི་ འུར་བྱེལ།

༢༨/༥/༢༠༡༣   ༉ ཧཱ་རྫོང་ཁག་གི་ མི་རྒས་ཤོས་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་དང་ རྒྱབ་སྐྱོར་པ་ཚུ་ལུ་ ལྷ་གསརཔ་ལས་ འདྲེ་རྙིངམ་དེ་ར་དྲག་འོང་ཟེར་ སླབ་དོ་ཡོདཔ་ཨིན་པས།
སྦྱིས་དཀར་ཚོ་དབུས་སུ་ འདེམས་ཁོངས་ཀྱི་འདེམས་ངོ་ ཌོག་ཊར་ དགའ་མདོག་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་བཟུམ་སྦེ་ མི་ཚུ་གིས་ རྒྱབ་སྐྱོར་ཡོད་ལུགས་ཚུ་གི་སྐོར་ལས་སླབ་ད་ སེམས་དགའཝ་མས་ཟེར་ཨིན་པས།

ཧཱ་གི་མི་སེར་ཚུ་གིས་ གསལ་བཤད་ཉན་པའི་ཤུལ་ལུ་ ལོག་ཁྱིམ་ནང་འགྱོ་བའི་བསྒང་།


མ་གཞི་ ཧཱ་རྫོང་ཁག་ནང་ཡོད་མི་ བཙག་འཐུའི་བརྡ་བྱང་གུ་ལས་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱི་ པར་དེ་ སྤོག་བཏང་ཡོདཔ་ཨིན་རུང་ ཚོགས་པ་ལུ་ མི་སེར་ཚུ་ལས་ རྒྱབ་སྐྱོར་ཡོད་ལུགས་ཚུ་ལུ་ལྟཝ་ད་ སེམས་དགའ་བས་ཟེར་ཨིན་པས།
ཧཱ་རྫོང་ཁག་ནང་ སྲིད་དོན་ཚོགས་པ་ཚུ་གི་གྲས་ལས་ ད་ལྟོ་ མི་སེར་དམངས་གཙོ་ཚོགས་པའི་ པར་ཚུ་ མངམ་མཐོང་དོ་ཡོདཔ་ཨིན་པས།
སྦྱིས་དཀར་ཚོ་ དབུས་སུ་ལས་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ ཀུན་ལེགས་དབང་མོ་གིས་ སླབ་མིའི་ནང་ མི་སེར་དམངས་གཙོ་ཚོགས་པའི་ ལས་རྟགས་གུ་ རྟ་དཀརཔོ་སྦེ་ཡོད་མི་དེ་ ཧཱ་རྫོང་ཁག་གི་ གནས་བདག་ ཨཔ་ཁྱུང་བདུད་ཀྱི་ ཆིབས་རྟ་སྦེ་ རྩིསཝ་ཨིན་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་ ལས་རྟགས་གུ་ཡོད་མིའི་པར་ཚུ་ ཧཱ་རྫོང་ཁག་གི་ ཁྱིམ་མང་ཤོས་ཅིག་ནང་ ལྷོད་དེ་ཡོདཔ་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་ པར་དེ་ ཧཱ་སྟོད་ ཅུང་པ་གཡུས་ཚན་གྱི་ ཁྱིམ་དང་ གནས་སྐབས་ཀྱི་ཁྱིམ་ དེ་ལས་ ད་ལྟོ་ རྐྱབ་པའི་བསྒང་ཡོད་མི་ ཁྱིམ་ཚུ་གི་ གྱང་གུ་ལས་ཕར་ གང་སྟེ་ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ འཇིགས་མེད་ལྷུན་གྲུབ་ཀྱིས་ ད་རེས་ཀྱི་ ཟླཝ་འགོ་བཙུགས་ཁམས་ཅིག་ལས་ བསྐུལ་བསྒྲགས་འབད་ནི་ འགོ་བཙུགས་ཡོད་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་ རྐྱངམ་གཅིག་མ་གཏོགས་ གཞན་མི་ སྲིད་དོན་ཚོགས་པ་གསུམ་གྱི་།པར་ཚུ་ བཙག་འཐུའི་བརྡ་བྱང་གུ་ ལེགས་ཤོམ་སྦེ་ར་ བཞག་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༨ ཀྱི་ འདས་པའི་ སྤྱི་ཚོགས་ཀྱི་ བཙག་འཐུ་ནང་ གཞུང་སྐྱོང་དང་ ལྡོག་ཕྱོགས་གཉིས་ཆ་ར་ནང་ མི་ངོམ་ཡོད་མི་ཅིག་ ཧཱ་རྫོང་ཁག་དེ་ཨིནམ་ད་ དེ་བསྒང་ སྦྱིས་དཀར་ཚོ་དབུས་སུ་གིས་ འབྲུག་ཕུན་སུམ་ཚོགས་པ་ གདམ་འཐུ་འབད་ཡོདཔ་ད་ ས་མར་གསང་སྦས་ཀྱིས་ མི་སེར་དམངས་གཙོ་ཚོགས་པ་ གདམ་འཐུ་འབད་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ ཌོག་ཊར་དགའ་མདོག་ཚེ་རིང་གིས་འབད་བ་ཅིན་ ཁོ་གི་ བསྐུལ་བསྒྲགས་འབད་བའི་སྐབས་ མི་སེར་ཚུ་གིས་ མཉམ་འབྲེལ་ལེགས་ཤོམ་འབདཝ་མས་ཟེར་ཨིནམ་བཞིན་དུ་ དེ་ཡང་ ཅིག་ལས་འབད་བ་ཅིན་ ཧེ་མ་ཁོ་ར་ དྲུང་འཚོ་ཅིག་སྦེ་ སྡོད་ནི་དེ་གིས་ ཨིནམ་འོང་ནི་མས་ཟེར་ཨིན་པས།
ཁོ་གིས་ རྒྱལ་ཁ་ཐོབ་པ་ཅིན་ མི་སེར་ཚུ་གིས་ ཁོ་ལུ་ མི་སེར་དང་ གཞུང་གི་རེ་འདོད་དང་འཁྲིལ་ཏེ་ ཕྱག་ཞུ་ནི་གི་ འོས་འབབ་འདུག་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ རྒྱལ་ཁ་མ་ཐོབ་པ་ཅིན་ འབྲུག་ཕུན་སུམ་ཚོགས་པའི་ ལྟ་བ་དང་གཞི་རྩ་ཚུ་ མི་སེར་ཚུ་གིས་ ཡིད་ཆེས་བསྐྱེད་ཚུགསཔ་ཅིག་ བཟོ་མ་ཚུགས་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ ཀུན་ལེགས་དབང་མོ་གིས་འབད་བ་ཅིན་ ཁོང་གིས་ འདས་པའི་ལོ་༥ འི་རིང་ ལྡོག་ཕྱོགས་སྦེ་ འཐུས་ཤོར་མེད་པར་ ལཱ་འབད་མི་གིས་ ཧཱ་གི་མི་སེར་རྐྱངམ་གཅིག་མེན་པར་ གཞན་མི་ མི་སེར་ཚུ་གི་ཡང་ ངལ་རངས་བྱུང་སྟེ་འདུག་ཟེར་ཨིན་པས།
མོ་གིས་ ག་དེམ་ཅིག་སྦེ་ རྒྱལ་ཁ་ཐོབ་པ་ཅིན་ ས་གནས་ནང་གི་ མི་སེར་ཚུ་ལུ་ ཞབས་ཏོག་ག་དེ་དྲག་དྲག་ཞུ་ནི་གི་ མནོ་བསམ་ཡོད་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ རྒྱལ་ཁ་མ་ཐོབ་པ་ཅིན་ དུས་ཅི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ ཨམ་སྲུ་ངོ་ཚབ་ ཕུད་རྡོག་༡ ཡང་ བཙག་འཐུ་གྲུབ་མ་ཚུགསཔ་བཟུམ་སྦེ་ བཙག་འཐུ་མ་འབད་བས་ཟེར་ མནོ་འོང་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་ འདེམས་ངོ་བསོད་ནམས་ཚེ་རིང་གིས་ འབད་བ་ཅིན་ མི་སེར་ཚུ་གིས་ ཚོགས་པ་ལུ་ རྒྱབ་སྐྱོར་ཡོད་ལུགས་ཚུ་གི་སྐོར་ལས་ སླབ་དོ་ཡོདཔ་ཨིན་རུང་ གྲུབ་འབྲས་དེ་ སྤྱི་ཟླ་༥ པའི་ཚེས་༣༡ ལུ་མ་གཏོགས་ ཤེས་མི་ཚུགས་ནི་མས་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་འཇིགས་མེད་ལྷུན་གྲུབ་ཀྱིས་ བཤད་མིའི་ནང་ ཁོ་ར་ ཚོགས་པ་ནང་ འཛུལ་མི་ མཇུག་ཅིག་ འབད་ནི་དེ་གིས་ བསྐུལ་བསྒྲགས་དེ་ར་ སྤྱི་ཟླ་༥ པའི་ཚེས་༡༠ ལུ་མ་གཏོགས་ འགོ་བཙུགས་མ་ཚུགས་ཟེར་ཨིན་རུང་ མི་སེར་ཚུ་གིས་ རྒྱབ་སྐྱོར་ཡོད་ལུགས་ཀྱི་སྐོར་ལས་ བཤད་མི་ལུ་བརྟེན་ སེམས་དགའ་ཡི་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ ཁོ་ ཕམ་སོ་པ་ཅིན་ མི་སེར་ཚུ་གིས་ འདེམས་ངོ་ཚུ་ སྲིད་ཚོགས་ཀྱི་ཐད་ཁར་ ཉམས་མྱོང་དགོཔ་འོང་ནི་མས་ཟེར་ མནོ་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment