གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་གྱི་མཐའ་ཟུར་ རྒེད་འོག་༢ ནང་ འཕྲལ་ར་གློག་མེའི་ ཞབས་ཏོག་འཐོབ་ཚུགས་ནི།

༢༢/༥/༢༠༡༣   ༉ མོང་སྒར་རྫོང་ཁག་ སི་ལམ་སྦིས་དང་ དགོངས་འདུ་རྒེད་འོག་གི་ མི་སེར་ཚུ་གི་སེམས་ཁར་ དགའ་སྤྲོ་བྱུང་མི་དེ་ཡང་ འཕྲལ་མགྱོགས་ར་ རྒེད་འོག་༢ ནང་ གློག་མེའི་ཞབས་ཏོག་ ལྷོད་ཚུགས་ནི་ཨིན་མི་ལུ་བརྟེན་ཨིན་པས།
གློག་མེའི་ཅ་ཆས་ཚུ་ གནམ་གྲུའི་ཐོག་ལས་ སྐྱེལ་འདྲེན་འབད་བའི་བསྒང་།


དེ་ཡང་ རྒེད་འོག་༢ ནང་ གློག་མེའི་ཞབས་ཏོག་མགྱོགས་དྲགས་སྦེ་སྤྲོད་ཐབས་དང་ ལཱ་དུས་ཚོད་ཁར་ མཇུག་བསྡུ་ཐབས་ལུ་དམིགས་ཏེ་ ས་གནས་ཀྱི་ཁག་འབགཔ་ཚུ་གིས་ སྤྱི་ཟླ་འདི་གི་ཚེས་༡༥ ལས་ ཉིན་གྲངས་༣ གྱི་རིང་ ནེ་པཱལ་ལས་ གནམ་གྲུ་ཆུང་བ་ཅིག་ གླ་ཁར་ལེན་ཏེ་ ཅ་ཆས་ཚུ་ བསྐྱལ་ཡོདཔ་ཨིན་པས།
ད་ལྟོ་ཚུན་ མི་སེར་ཚུ་ གློག་མེའི་ཞབས་ཏོག་མེདཔ་ལས་བརྟེན་ བྱ་སྟབས་མ་བདེ་བར་ཡོདཔ་ལས་ ད་ལས་ཕར་ གློག་མེའི་ཞབས་ཏོག་ལྷོད་པའི་བསྒང་ལས་ དཀའ་ངལ་དེ་ བསལ་ཚུགས་ནི་ཨིནམ་ལས་ གློག་མེ་བཙུག་པའི་བསྒང་ཡོད་མི་ དགོངས་འདུ་རྒེད་འོག་ སྤམ་དང་ དམ་མཁར་སྤྱི་འོག་༢ ཀྱི་མི་སེར་ཚུ་ སེམས་དགའ་སྟེ་ཡོདཔ་ད་ རྒེད་འོག་དེ་ནང་  སྤྱི་འོག་༥ ཡོད་པའི་གྲས་ལས་ སྤྱི་འོག་༣ ནང་ ན་ཧིང་ལས་ གློག་མེ་ལྷོད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སི་ལམ་སྦིས་རྒེད་འོག་གི་ མི་སེར་ཚུ་གི་དོན་ལུ་ཡང་ གློག་མེ་ཅ་ཆས་ཚུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ཐོག་ལས་ བསྐྱལ་ཚར་ཡོདཔ་ད་ ད་ལྟོ་ གཡུས་སྒོ་ནང་ གློག་མེ་མེད་མི་ལུ་བརྟེན་ ཉི་དྲོད་གློག་མེ་ལག་ལེན་འཐབ་དོ་ཡོད་རུང་ གློག་མེའི་ཞབས་ཏོག་བཟུམ་སྦེ་ འབད་མི་བཏུབ་དོ་ཡོདཔ་ཨིན་པས།
ཉིན་གྲངས་༣ ལུ་ གནམ་གྲུ་གིས་ གློག་མེ་ཚད་སྤེལ་ཅ་ཆས་ ཊཱནསི་ཕོར་མར་༢༨ དང་ ཅ་ཆས་གཞན་ཡང་ བསྐྱལ་ཡོད་པའི་ཁར་ རྒྱལ་པོའི་ཞིང་ལས་ དགོངས་འདུ་སྐོར་ར་རྐྱབ་སྟེ་ལོག་ལྷོད་ནི་ལུ་ དུས་ཡུན་སྐར་མ་༢༥ འགོར་དོ་ཡོདཔ་ལས་ གནམ་གྲུ་དེ་གིས་ ཅ་ཆས་ བསྐྱལ་ནི་ལུ་ ཐེངས་༤༡ འཕུར་འགྲུལ་འབད་དགོཔ་བྱུང་ཡོདཔ་ད་ གནམ་གྲུ་ཐེངས་རེ་ལུ་ གླ་ཆ་དངུལ་ཀྲམ་༧༠,༠༠༠ རེ་ སྤྲོད་དགོཔ་ཨིན་པས།
ས་གནས་ཀྱི་བཟོ་རིག་འགོ་དཔོན་ ཐུབ་བརྟན་ཆོས་གྲགས་ཀྱིས་ སླབ་མིའི་ནང་ དེ་བཟུམ་གྱི་གལ་ཆེ་བའི་ ཅ་ཆས་ལྗིད་ཅན་ཚུ་ གནམ་གྲུའི་ཐོག་ལུ་ བསྐྱལ་འདྲེན་འབད་མི་དེ་ཡང་ ལམ་ཐག་རིང་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
རྒེད་འོག་༢ ནང་ ད་རེས་ནངས་པ་ གློག་མེའི་ཞབས་ཏོག་གི་ ལཱ་འབད་བའི་བསྒང་ཡོདཔ་ལས་ ལས་མི་འཐོབ་མ་ཚུགས་པའི་དཀའ་ངལ་འདུག་ཟེར་ཨིནམ་ད་ སྤྱིར་བཏང་མི་སེར་ཚུ་གིས་ ལས་མི་གི་ རྒྱབ་སྐྱོར་གང་དྲག་འབད་དགོཔ་ཨིན་རུང་ རྒྱབ་སྐྱོར་དེ་ དཀོན་སུ་ཅིག་ལས་ མིན་འདུག་ཟེར་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ ཁོང་གིས་ ད་ལྟོ་ཚུན་ རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ རྒྱབ་སྐྱོར་འབད་ནི་ལུ་ སེམས་ཤུགས་ཡོད་རུང་ ལཱ་འབད་བའི་ཉིནམ་དང་འཁྲིལ་ དུས་ཚོད་ཁར་ གླ་ཆ་སྤྲོད་ནི་མེདཔ་ལས་ སྤྲོ་བ་ཞེན་བཅུག་དོ་ཡོད་མི་ལུ་བརྟེན་ ཐོནམ་མས་ཟེར་ཨིན་པས།
གློག་མེའི་ལཱ་དེ་ ད་རེས་ནངས་པ་ རྩ་མང་རྒེད་འོག་ སྒང་ལ་སྤོང་གཡུས་ཚན་ནང་ཡང་ འབད་བའི་བསྒང་ཡོདཔ་ལས་ གཡུས་ཚན་དེ་ནང་ཡང་ གློག་མེ་ཅ་ཆས་ཚུ་ གནམ་གྲུའི་ཐོག་ལས་ བསྐྱལ་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment