གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀྲོང་གསར་གྱི་འདེམས་ངོ་ཚུ་གིས་ སྒོ་བཤལ་བསྐུལ་བསྒྲགས་ མི་འབད་ནི།

༢༤/༥/༢༠༡༣   ༉ ཁ་ཙ་ ཀྲོང་གསར་ལུ་ སྤྱིར་བཏང་གྲོས་འཛོམས་ མ་འཚོགས་པའི་ཧེ་མར་ སྲིད་དོན་ཚོགས་པ་༤ གི་ འདེམས་ངོ་༨ པོ་ཆ་ར་གིས་ ཁྱིམ་སྒོ་བཤལ་རྐྱབ་སྟེ་ བསྐུལ་བསྒྲགས་འབད་བར་ མི་འགྱོ་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
གྲོས་འཛོམས་ནང་ བཅའ་མར་གཏོགས་མི་ ཀྲོང་གསརཔ་ཚུ།


འདེམས་ངོ་ཚུ་གིས་ སླབ་མིའི་ནང་ ཁོང་གིས་ ཁྱིམ་རེ་རེ་བཞིན་དུའི་ནང་སོང་སྟེ་ མི་སེར་ཚུ་གི་ དུས་ཚོད་འཕྲོ་བརླགས་མ་གཏང་པར་ བཙག་འཐུ་སྡེ་ཚན་ཚུ་གིས་ འགོ་འདྲེན་འཐབ་མི་ སྤྱི་འོག་གནས་ཚད་ཀྱི་ ཞལ་འཛོམས་ཚུ་ནང་ འགྱོ་ནི་ཨིན་ཟེར་ཨིན་པས།
སྲིད་དོན་ཚོགས་པ་ སོ་སོའི་འདེམས་ངོ་ཚུ་གིས་ གཅིག་ཁར་སྦེ་ར་ སྡོད་དོ་ཡོདཔ་མ་ཚད་ འགྲོ་འགྲུལ་ཡང་ གཅིག་ཁར་འཐབ་ དེ་ལས་ སྤྱིར་བཏང་གྲོས་འཛོམས་ཚུ་གི་སྐབས་ལུ་ རང་སོའི་བརྡ་བྱང་ཚུ་ སྦྱར་ནི་དང་ ལོག་ཕབ་ནི་ཚུ་ནང་ཡང་ ཆ་རོགས་འབད་དོ་ཡོད་མི་གིས་ སྲིད་ཚོགས་སོ་སོའི་ རྒྱབ་སྐྱོར་པ་དང་ སྤྱིར་བཏང་མི་སེར་ཡོངས་ལུ་ མིག་དཔེ་བཟང་པོ་ཅིག་ བཏོནམ་ཨིན་པས།
ཀྲོང་གསརཔ་ཚུ་གི་རྒྱུད་ལུ་ སྲིད་དོན་ཚོགས་པ་མ་འདྲཝ་འབད་མི་ཚུ་ལུ་ མནོ་ལུགས་མ་འདྲཝ་ཡོད་མི་དང་འཁྲིལ་ ལ་ལུ་ཅིག་གིས་ ཧེ་མའི་གཞུང་ འབྲུག་ཕུན་སུམ་ཚོགས་པ་དེ་ར་ ལོག་བཙག་འཐུ་འབད་ནི་ལུ་ མནོ་བསམ་བཏང་དོ་ཡོདཔ་ད་ ལ་ལུ་ཅིག་གིས་ ད་ལྟོའི་བར་ན་ཡང་ སྲིད་དོན་ཚོགས་པ་ གསརཔ་ཚུ་གིས་ གཞུང་གི་ལམ་ལུགས་ནང་ བསྒྱུར་བཅོས་ག་བཟུམ་ར་འབད་ནིའི་ འཆར་གཞི་ཡོདཔ་ཨིན་ནའི་སྐོར་ལས་ ཞིབ་འཚོལ་ཚུ་ འབད་བའི་བསྒང་ར་ ཡོདཔ་ཨིན་པས།
ནུབ་སྦིས་རྒེད་འོག་ལས་ སྐྱེས་ལོ་༧༤ ལང་མི་ འཇིགས་མེད་ཀྱིས་ སླབ་མིའི་ནང་ ད་ལྟོའི་བར་ན་ཡང་ ག་ལུ་ཚོགས་རྒྱན་བཙུགས་ནི་ཨིན་ན་ ཐག་བཅད་མ་ཚུགས་པར་ ཡོད་ཟེར་ཨིནམ་ད་ དེ་ཡང་ ཁོ་གི་དོན་ལུ་འབད་བ་ཅིན་ སྲིད་ཚོགས་ག་ར་ ལྕོགས་གྲུབ་འདྲན་འདྲ་ཡོདཔ་སྦེ་ མཐོང་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
སིམ་སྦྱིས་ལས་ སྐྱེས་ལོ་༥༨ འབད་མི་ ཆོས་སྐྱིད་བཟངམོ་གིས་འབད་བ་ཅིན་ སྲིད་ཚོགས་གསརཔ་ཚུ་གིས་ ཁས་བླངས་ཚུ་ ལེགས་ཤོམ་ཡོདཔ་མ་ཚད་ ཁོང་ལུ་ཡང་ གོ་སྐབས་བྱིན་ནི་དེ་ ཁག་ཆེ་ནི་ཨིན་རུང་ ད་ལྟོ་ མནོ་བསམ་བཏང་པའི་བསྒང་ར་ ཡོད་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་སྐོར་ལས་ མ་ཧན་པའི་ལོ་རྒྱུས་ཚུ་ ལེ་ཤ་ཅིག་ར་གོ་ཡོདཔ་ཨིན་རུང་ སྲིད་ཚོགས་དེ་ལོག་སྟེ་ར་ བཙག་འཐུ་འབད་ནིའི་ མནོ་བསམ་བཏང་མི་ཡང་ ཡོདཔ་ཨིན་པས།
འདི་བཟུམ་གྱི་ མནོ་བསམ་བཏང་མི་ མང་ཤོས་ར་ གཡུས་མི་རྒན་ཤོས་དང་ བློན་ཆེན་བགྲེསཔ་ འཇིགས་མེད་འོད་ཟེར་འཕྲིན་ལས་ལུ་ ཡིག་ཆེས་ཡོད་མི་ཚུ་ཨིན་པས།
ད་རེས་ཀྱི་ཐད་ལུ་ ཧེ་མ་ལས་ ཉམས་མྱོང་ཚུད་ཚར་མི་ གཞུང་སྐྱོང་སྡེ་ཚན་དེ་ལུ་ར་ གོ་སྐབས་སྤྲོད་དེ་ སྲིད་ཚོགས་གཞན་ཚུ་ལུ་ ཤུལ་མམ་གི་བཙག་འཐུའི་སྐབས་ གོ་སྐབས་བྱིན་པ་ཅིན་ དྲག་འོང་ཟེར་ སྐྱེས་ལོ་༤༧ ལང་མི་ ཟླ་བ་དཔལ་འབྱོར་གྱིས་ སླབ་ཨིན་པས།
ཁོ་གིས་ བསམ་འཆར་བཤད་དོ་བཟུམ་འབད་བ་ཅིན་ དུས་ཚོད་འ་ནེམ་ཅིག་ཁར་ རྒྱལ་ཁབ་ཀྱི་དོན་ལུ་ ཕྱི་འབྲེལ་གྱི་མཐུན་ལམ་ཚུ་ བཞག་དགོཔ་འདི་ ག་ནི་བ་ཁག་ཆེཝ་ལས་ དེ་བཟུམ་མའི་ ལཱ་འབད་ནི་དེ་ བློན་ཆེན་བགྲེསཔ་དེ་ར་ དྲག་ཟེར་ཨིན་པས།
མི་སྡེའི་བརྡ་དོན་ཞབས་ཏོག་ཚུ་ ལག་ལེན་འཐབ་ཤེས་མི་ ན་གཞོན་ཚུ་གིས་འབད་བ་ཅིན་ སྲིད་ཚོགས་ཚུ་གིས་ ཚུལ་མིན་གྱི་ ལཱ་བྱ་འཐབ་པའི་སྐོར་ལས་ མི་མང་ཤོས་ཅིག་གིས་ ཧ་གོ་ཡོདཔ་བཞིན་དུ་ ད་ལྟོ་ག་ལུ་ རྒྱབ་སྐྱོར་འབད་ནི་ཨིན་ན་ ཐག་མ་བཅད་པར་ ཡོད་ཟེར་ཨིན་པས།
དེ་དང་གཅིག་ཁར་ ཀྲོང་གསར་གྱི་ སྤྱིར་བཏང་གྲོས་འཛོམས་དེ་ ཁ་ཙ་ ནུབ་སྦིས་-སྟང་སི་སྦྱིས་ འདེམས་ཁོངས་ཀྱི་དོན་ལུ་ ཤེས་རབ་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་ནང་དང་ གླང་ཐལ་-བྲག་སྟེང་འདེམས་ཁོངས་ཀྱི་དོན་ལུ་ བཀྲིས་སྡིང་ཁ་ མི་སྡེ་སློབ་གྲྭ་ཆུང་བའི་ནང་ འགོ་འདྲེན་འཐབ་ཐོག་ལས་ མཇུག་བསྡུ་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment