གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཇུག་གི་བསྐུལ་བསྒྲགས་ནང་ མི་གྲངས་༣༠༠ དེ་ཅིག་གིས་ འབྲེལ་གཏོགས་འབད་ཡོདཔ།

༢༧/༥/༢༠༡༣   ༉ མོང་སྒར་རྫོང་ཁག་ནང་ འདེམས་ཁོངས་༣ ཡོད་པའི་གྲས་ལས་ བསྐུལ་བསྒྲགས་ཀྱི་ལས་རིམ་མཇུག་ར་ དགྲ་མེད་རྩེ་- སྔ་ཚང་འདེམས་ཁོངས་ཀྱི་དོན་ལུ་ སྤྱི་ཟླ་འདི་གི་ ཚེས་༢༥ ལུ་ དགྲ་མེད་རྩེ་ འབྲིང་རིམ་སློབ་གྲྭ་བར་མའི་ སྤྱི་དོན་ཁང་ནང་སྦེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།


དེ་བསྒང་ སྲིད་ཚོགས་༤ གི་ ཁས་བླངས་བསྐུལ་བསྒྲགས་ཉན་ནིའི་དོན་ལུ་ མི་སེར་༣༠༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ད་ མི་སེར་ཚུ་གི་རེ་བ་ལས་འབད་བ་ཅིན་ འདས་པའི་སྤྱི་ཚོགས་ཀྱི་སྐབས་ལུ་ རྒྱལ་ཁབ་ནང་ སྲིད་ཚོགས་༢ ལས་བརྒལ་མེད་རུང་ དུས་ཅི་ སྲིད་ཚོགས་༤ ཡོད་ནི་དེ་གིས་ སྲིད་ཚོགས་ག་དྲག་མི་དེ་ གདམ་འཐུ་འབད་ནིའི་དོན་ལུ་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་འདེམས་ངོ་ བཀྲིས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ཁོང་གི་ཚོགས་པ་དེ་ ཚོགས་པ་གཞན་ཚུ་དང་མ་འདྲ་མི་དེ་ཡང་ མི་སེར་ཉམ་ཆུང་ཚུ་གིས་བཟོ་བའི་ཚོགས་པ་ཅིག་འབདཝ་ལས་ རྒྱལ་ཁབ་དང་ མི་སྡེའི་ནང་ ལེགས་འགྱུར་འོང་ཐབས་ལུ་ ཕྱག་ཕྱིད་ཞུ་ནི་གི་ སྲིད་ཚོགས་ཅིག་ ཨིན་ཟེར་ཨིན་པས།
སྲིད་ཚོགས་དེ་གིས་ རྒྱལ་ཁབ་ནང་ འདྲ་མཉམ་དང་ དྲང་བདེན་ཐོག་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་འགྲུབ་ཐབས་ འབད་ནི་ཟེར་ཨིནམ་ད་ ཁོ་ར་ཡང་ ན་གཞོན་ མི་སེར་ཉམ་ཆུང་གི་ སྐྱིད་སྡུག་ཧ་གོ་མི་ཅིག་ཨིནམ་ལས་ ཉམ་ཆུང་གི་སྐྱིད་སྡུག་ཚུ་ སྤྱིར་དབང་ཚོགས་པ་གིས་ བསལ་ནི་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་འབད་རུང་ གཡུས་ཁ་ལུ་ཡོད་པའི་ སྲིད་དོན་ཚོགས་པའི་ཚོགས་པ་ཚུ་གིས་ མི་སེར་ཚུ་ལུ་ སྲིད་ཚོགས་འ་ནི་དྲག་ཟེར་བའི་ རྒྱུད་བསྐུལ་དང་ བར་དཀྲོགས་འབད་ནི་མེན་པར་ མི་སེར་ཁོང་ར་གིས་ མནོ་མི་ ཚོགས་པ་ལུ་ ཚོགས་རྒྱན་བཙུགས་ནིའི་ རང་དབང་ཕུལ་དགོ་ཟེར་ཨིན་པས།
མཉམ་རུབ་ཚོགས་པའི་འདེམས་ངོ་ འཇིགས་མེད་རྡོ་རྗེ་གིས་ མི་སེར་ཚུ་གིས་ འབྲུག་མཉམ་རུབ་ཚོགས་པ་ལུ་ ཁས་བླངས་མིན་འདུག་ཟེར་བའི་ དོགས་པ་ཟ་ནི་མི་འོང་ཟེར་ཨིནམ་ད་ དུས་ཚོད་མེདཔ་ལས་བརྟེན་ ཀི་དེབ་ཅིག་ཡོད་མི་ ཁས་བླངས་ཚུ་ ཕུལ་མི་ཚུགས་པས་ཟེར་ཨིནམ་མ་ཚད་ ལྟ་བ་དང་ དམིགས་ཡུལ་དེ་ མི་སེར་གྱི་གཞུང་བཟོ་ནི་ལས་ ལཱ་དང་བྱ་བ་ ག་ཅི་འབད་རུང་ མི་སེར་ཚུ་ལུ་ བསྐྱར་ཞིབ་ཀྱི་དོན་ལུ་ ཕུལ་ཞིནམ་ལས་ གོ་ཡང་དྲགཔ་སྦེ་ བཞག་ནི་དེ་ཨིན་ཟེར་ཨིན་པས།
དཔེ་འབད་བ་ཅིན་ དགྲ་མེད་རྩེ་གི་འཁོར་ལམ་དེ་ ད་ལྟོ་ ལམ་ཕྱེད་ཀ་ རྩི་ནག་བཏང་ཡོདཔ་ལས་ ད་ལས་ཕར་ རྩི་ནག་མ་གཏང་པར་ རྡོ་སྒྲིག་ནི་ཟེར་བ་ཅིན་ མི་སེར་ཚུ་ལུ་སེམས་དང་ མི་ལྡན་ནི་ཨིནམ་ད་ གལ་སྲིད་ མི་སེར་ཚུ་ལུ་ དབང་ཚད་མ་བྱིན་པ་ཅིན་ འཆར་གཞི་ཚུ་ ལེགས་ཤོམ་མི་འགྱོ་ནི་ཨིནམ་ལས་ ད་ལྟོ་འཆར་གཞི་ནང་མིན་འདུག་ ཤུལ་མའི་འཆར་གཞི་ནང་ བཙུགས་གེ་ཟེར་བའི་ བློ་མི་འཐོན་ནིའི་དོན་ལུ་ སྒོ་ཡངས་སྦེ་ བཞག་ཡོད་ཟེར་ཨིན་པས།
འཆར་གཞི་༡༡ པ་དེ་ ས་གནས་གཞུང་ རྫོང་ཁག་ དེ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་གཅིག་ཁར་ བརྩམས་ཡོདཔ་ལས་ ལྟ་བ་དང་འཁྲིལ་ མཉམ་རུབ་ཐོག་ལས་ གཡུས་ཁ་ལུ་དགོཔ་ངེས་བདེན་ ག་ཅི་འདུག་ག་ ཁྱིམ་ཚང་༡ གི་མི་བཟུམ་སྦེ་ ལཱ་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཨྱོན་དབང་འདུས་ཀྱིས་ འབྲུག་ཕུན་སུམ་ཚོགས་པ་དེ་ ཚོགས་པ་གཞན་དང་མ་འདྲ་མི་དེ་ ལོ་༥ གི་ཉམས་མྱོང་ཡོད་མི་ལུ་བརྟེན་ ཨིནམ་མ་ཚད་ དམངས་གཙོའི་གཞུང་གི་ གཞི་འགྱམ་བཙུགས་ཏེ་ འབྲས་བུ་སྦོམ་བཏོན་ཚུགས་མི་དེ་ཡང་ ཞི་གཡོག་ བླམ་སློབ་དཔོན་ དམག་སྡེ་ མི་སེར་ཚུ་གི་ བཀྲིན་ལུ་བརྟེན་ཨིན་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་དེ་ དབང་ཚད་ཅན་ རྒྱུ་སྟོབས་ཅན་གྱི་ཚོགས་པ་བཟུམ་སྦེ་ སླབ་དོ་ཡོདཔ་ལས་ འབྲུག་ཕུན་སུམ་ཚོགས་པ་ཡང་ ཉམ་ཆུང་གི་ ཚོགས་པ་ཅིག་ར་ ཨིན་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་གཞུང་དེ་ མི་སེར་གྱི་གཞུང་མེན་པའི་ གོ་བ་ལེན་ནི་མི་འོང་ཟེར་ཨིནམ་ད་ སྤྱི་ཚོགས་ཟེར་མི་དེ་ར་ གྲོས་ཐག་བཅད་མི་ ཁྲིམས་བརྩམ་མི་ཨིནམ་ལས་ མི་སེར་གྱི་ཚབ་ འཐུས་མི་ཚུ་ཡང་ཡོདཔ་ མི་སེར་ཚུ་གིས་ ཤེས་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ཁོང་གི་ལྟ་བ་དེ་ དབང་ཚད་ཕྱིར་སྤེལ་ཨིནམ་ལས་ ད་ལྟོ་ དབང་ཚད་དེ་ མི་སེར་ཚུ་གི་ལག་པར་མ་ལྷོདཔ་ལས་ གལ་སྲིད་ ངབཅས་ཀྱི་ཚོགས་པ་གིས་ གཞུང་སྐྱོང་འཐོབ་པ་ཅིན་ ས་གནས་གཞུང་ལུ་ དབང་ཚད་སྦོམ་སྤྲོད་ནི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ནད་གཞི་དེ་ ས་གནས་གཞུང་ལུ་འཐོབ་ སྨན་བཅོས་དེ་ གཞུང་ལྟེ་བ་ལུ་འབད་དོ་བཟུམ་ཅིག་ཨིན་མས་ཟེར་ཨིནམ་ད་ ད་ལས་ཕར་ ས་གནས་གཞུང་ ལྕོགས་གྲུབ་ཅན་ བཟོ་ནིའི་དོན་ལུ་ དངུལ་འབྲེལ་གྱི་དབང་ཚད་བྱིན་ཏེ་ མི་སེར་ཚུ་ ཡར་རྒྱས་གཏང་ནི་ཟེར་ཨིན་པས།
མི་སེར་ཡར་རྒྱས་བཏང་དགོ་པ་ཅིན་ སྤྱི་འོག་རེ་ནང་ པཱ་ཝར་ཊི་ལར་རེ་ རྒེད་འོག་༡ ནང་ སྣུམ་འཁོར་བཱོ་ལི་རོ་རེ་ དེ་ལས་ དཔེ་འབད་བ་ཅིན་ དགྲ་མེད་རྩེ་ལུ་ ཆུ་ཞིང་ཚུ་ལཱ་འབད་མ་ཚུགས་པར་ཡོད་མི་ཚུ་ལུ་ ཞིང་ཆུ་ལངམ་སྦེ་བཏོན་ཞིནམ་ལས་ སོ་ནམ་ཡར་རྒྱས་ གཏང་ནི་ཟེར་ཨིན་པས།
ཕམ་ཉམ་ཆུང་གི་ཨ་ལུ་ཚུ་གི་དོན་ལུ་ སློབ་ཕྲུག་བསྐྱིན་འགྲུལ་བྱིན་ནི་ ལཱ་གཡོག་འཐོབ་བཟོ་ནི་ གནམ་གྲུ་ཉོ་ནི་ལ་སོགས་པ་ཚུ་ མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་ཨིན་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment