གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་དབང་མཆོག་གིས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་གསརཔ་ཚུ་ལུ་ ལེགས་དར་གནང་ཡོདཔ།

༢༧/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༢༥ ལུ་འམ་ རང་ཟླ་༤ པའི་ཚེས་༡༥ ལུ་ སྟོན་པའི་དུས་ཆེན་ལྔ་འཛོམས་དང་འབྲེལ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་སྦེ་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་གསརཔ་ཚུ་ལུ་ ལེགས་དར་གནང་ཡོདཔ་ཨིན་པས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ རྒྱལ་བཙུན་རྣམ་༢ ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་གསརཔ་ཚུ་དང་གཅིག་ཁར་ ལྷན་བཞུགས་གནང་པའི་བསྒང་།

མི་དབང་མཆོག་གིས་ ཚོགས་སྡེའི་འཐུས་མི་ཚུ་ལུ་ གསུངས་མིའི་ནང་ སྤྱི་ལོ་༢༠༠༨ ལུ་ དམངས་གཙོའི་རིང་ལུགས་ འགོ་ཐོག་གཞི་བཙུགས་འབད་བའི་སྐབས་ལུ་ དཔེ་བལྟ་ས་ཅིག་ མེད་དེ་འབད་རུང་ རྒྱལ་ཡོངས་ཚོགས་སྡེ་ དང་པམ་གིས་ འགན་འཁྲི་ཚུལ་མཐུན་འབག་སྟེ་ རྒྱལ་ཁབ་ལུ་ ཕྱག་ཕྱིད་གང་དྲག་ཞུ་ཡི་ཟེར་ཨིན་པས།
ཁོང་གིས་ མིག་དཔེ་ལེགས་ཤོམ་སྟོནམ་མ་ཚད་ བསྐྱར་ཞིབ་ཚོགས་ཁང་ཅིག་འབདཝ་ད་ ང་རའི་ རེ་བ་ལས་ལྷག་པའི་ འགན་ཁུར་རྩ་ཅན་འབག་ཚུགས་ཅི་ཟེར་ མི་དབང་མཆོག་གིས་ གསུངས་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ ཚོགས་སྡེའི་འཐུས་མི་གསརཔ་ཚུ་ལུ་ གསུངས་མིའི་ནང་ ཁོང་རའི་ གནས་ཡུན་གྱི་རིང་ལུ་ ལྷག་པར་དུ་ ཞབས་ཏོག་གང་དྲག་ཞུ་ནི་གི་ རེ་འདོད་བསྐྱེད་དགོ་ཟེར་ཨིན་པས།
མི་དབང་མཆོག་གིས་ གསུངས་མིའི་ནང་ དམངས་གཙོའི་རིང་ལུགས་ཀྱི་ དོན་ངོ་མ་དེ་ རྒྱལ་ཡོངས་ཀྱི་ དམིགས་གཏད་འགྲུབ་ནི་དང་ མི་སེར་གྱི་ རེ་འདོད་བསྐང་ཚུགསཔ་ བཟོ་ནི་དེ་ཨིན་ཟེར་ཨིན་པས།
གལ་སྲིད་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་ ཁོང་རའི་འགན་ཁུར་ཚུ་ ཚུལ་བཞིན་འབག་མ་ཚུགས་པའི་ འཐུས་ཤོར་རེ་འབྱུང་པ་ཅིན་ རྒྱལཔོ་དང་ མི་སེར་ཚུ་གིས་ འཛོལ་བ་ཚུ་ གསལ་སྟོན་འབད་དགོཔ་ད་ དེ་བཟུམ་སྦེ་ འགན་ཁུར་ཚུལ་བཞིན་འབག་པ་ཅིན་ རྒྱལཔོ་དང་ མི་སེར་ཚུ་གིས་ རྒྱབ་སྐྱོར་ཧྲིལ་བུམ་འབད་དགོ་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ མཐུན་ཏོག་ཏོ་སྦེ་ ལཱ་འབད་དགོཔ་མ་ཚད་ ད་ལྟོ་རྐྱངམ་གཅིག་གི་དོན་ལུ་མེན་པར་ མ་འོངས་པའི་མཐའ་དོན་ལུ་ཡང་ མནོ་བསམ་གཏང་དགོཔ་ཨིནམ་ད་ མི་སེར་ཚུ་གིས་ ཚོགས་ཁང་གོང་མ་ལུ་ བློ་གཏད་ཡིད་ཆེས་བསྐྱེད་ཚུགསཔ་བཟོ་ནི་དེ་ གལ་ཆེ་ཤོས་ཅིག་ཨིན་ཟེར་ མི་དབང་མཆོག་གིས་ གསུངས་ཡོདཔ་ཨིན་པས།
མི་དབང་འབྲུག་རྒྱལ་༤ པ་མཆོག་གི་ ཐུགས་ཀྱི་དགོངས་བཞེད་དང་ ང་རའི་རེ་འདུན་ དེ་ལས་ མི་སེར་གྱི་སྨོན་ལམ་ཟེར་རུང་ དམངས་གཙོའི་རིང་ལུགས་ལུ་བརྟེན་ རྒྱལ་ཁབ་ནང་ འཕྲོ་མཐུད་དེ་ར་ ཞི་བདེ་འབྱུང་ནི་དང་ གཅིག་མཐུན་བཟོ་ནི་ དེ་ལས་ རང་བཙན་སྒྲིང་སྒྲིང་གནས་ཐབས་འབད་ནི་དེ་ ཨིན་ཟེར་ཨིན་པས།
ཁྲིམས་ཀྱི་རིང་ལུགས་བསྐྱར་གསོ་འབད་བའི་ཁར་ ལེགས་ལྡན་གཞུང་སྐྱོང་ལུ་ ལྷན་ཐབས་འབད་མི་གཙུག་སྡེ་ཚུ་ སྒྲིང་སྒྲིང་བཟོ་ཐོག་ལས་ མི་སེར་ཚུ་ལུ་ འདྲ་མཉམ་དང་ ཞི་བདེ་འབྱུང་བཅུག་ནི་ ལྷག་པར་དུ་ རྒྱལ་ཁབ་ཀྱི་ཉེན་སྲུང་ རྩ་བརྟན་བཟོ་དགོཔ་ཨིན་ཟེར་ མི་དབང་མཆོག་གིས་ གསུངས་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment