གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་ལས་མ་དངུལ་ཡོད་རུང་ མི་སེར་ཚུ་ལས་ ཏི་རུ་བསྡུ་འབག་པའི་ཁ་ཉེས།

༣༡/༥/༢༠༡༣   ༉ སྤ་རོ་ནཱ་རྒྱ་རྒེད་འོག་ བེམ་པུ་གཡུས་ཚན་ནང་ སོ་ནམ་ཞིང་ལམ་ཅིག་ སེལ་བའི་བསྒང་ཡོད་མི་དེ་ལུ་ ད་ལྟོ་ཚུན་ གཡུས་ཚན་གྱི་ ཁྱིམ་གུང་རེ་ལས་ ཧ་ལམ་དངུལ་ཀྲམ་༥༠,༠༠༠ དེ་རེ་ བསྡུ་འབག་ཡོད་པའི་ ཉོགས་བཤད་བཀོདཔ་ཨིན་པས།


ས་གནས་ནང་ སྡོད་མི་ཚུ་གིས་འབད་བ་ཅིན་ སོ་ནམ་ཞིང་ལམ་དེ་གི་དོན་ལུ་ གཞུང་ལས་ མ་དངུལ་གནང་སྟེ་ཡོདཔ་ཨིན་རུང་ ཚོགས་པ་གིས་ ཐ་ན་ ལམ་སེལ་གྱི་ལཱ་འབད་བའི་སྐབས་ རྡོ་རྫས་བཀལ་ནི་དང་ ཤིང་བརྡབ་ནིའི་དོན་ལུ་ཡང་ ཏི་རུ་བསྡུ་འབག་ཅི་ཟེར་ཨིན་པས།
དེ་མ་ཚད་ མི་སེར་ཚུ་གིས་ ལམ་སེལ་ལཱ་ནང་ འུར་ལཱ་རྒྱུག་དགོཔ་ད་ གཡུས་མི་ཅིག་གིས་འབད་བ་ཅིན་ དེ་སྦེ་ ཏི་རུ་བསྡུ་ནི་ཨིན་པ་ཅིན་ དང་པ་ར་ མི་སེར་ཚུ་དང་ བསྟུན་གྲོས་འབད་དགོ་པའི་ཁར་ ཏི་རུ་བསྡུ་འབགཔ་ད་ འབྱོར་རྟགས་ཡང་ སྤྲོད་དགོཔ་ཁག་ཆེ་ཟེར་ཨིན་པས།
ཨིན་རུང་ འཐུས་མི་༣ འབད་མི་ ཚོགས་པ་དེ་གིས་ མི་དག་པ་ཅིག་དང་ ཁ་སླབ་ཐོག་ལས་ གྲོས་ཐག་བཅད་དེ་ ཏི་རུ་བསྡུ་འབག་ཡི་ཟེར་ ཕོ་སྐྱེས་དེ་གིས་ སླབ་ཨིན་པས།
རེས་ཚེ་སྐབས་ ལམ་སེལ་ཚོགས་པ་གིས་ གཡུས་མི་ཚུ་གི་ ཁྱིམ་ནང་ལས་ཕར་འོང་སྟེ་ ཏི་རུ་བསྡུ་འབག་པའི་ ལོ་རྒྱུས་ཚུ་ཡང་ མི་སེར་ཚུ་གིས་ སླབ་ཡོདཔ་ད་ ཕོ་སྐྱེས་གཞན་ཅིག་གིས་ སླབ་མིའི་ནང་ ཁྱིམ་གུང་རེ་ལས་ དངུལ་ཀྲམ་༦༠,༠༠༠ དེ་ཅིག་ བསྡུ་འབག་ཡི་ཟེར་ཨིན་པས།
བེམ་པུ་གཡུས་ཚན་དེ་ ཧཱ་ལུ་འགྲུལ་སྐྱོད་འབད་མི་ མི་མང་སྐྱེལ་འདྲེན་བཱསི་ཚུ་ ཉིན་མ་ ལྟོ་བཟའ་སའི་ ནཱ་མགོ་ཚོང་ཁང་ཚུ་གི་ གཡོན་ཕྱོགས་ལུ་ཨིན་པས།
ཀི་ལོ་མི་ཊར་༡༠ དེ་ཅིག་འབད་མི་ ཞིང་ལམ་དེ་ ནཱ་མགོ་ལས་ འགོ་བཙུགས་ཏེ་ བསལ་ཡོདཔ་ད་ ད་རེས་ འགོ་དང་པ་ས་བཅད་དེ་ བེམ་པུ་གཡུས་ཚན་ནང་ ལྷོད་ཡོདཔ་ཨིན་རུང་ ནཱ་མགོ་ལས་ ཀི་ལོ་མི་ཊར་༢ དེ་ཅིག་གི་ས་གནས་ ཆུ་ཁ་ཚུན་མ་གཏོགས་ ད་ལྟོ་ སྣུམ་འཁོར་ཚུ་ འགྲུལ་བསྐྱོད་འབད་མི་ཚུགས་དོ་ཡོདཔ་ཨིན་པས།
ལམ་སེལ་ཚོགས་པའི་འཐུས་མི་༣ གྱི་གྲས་ལས་༡ ཨིན་མི་ རྡོ་ཕུག་གིས་འབད་བ་ཅིན་ མ་གཞི་ ཞིང་ལམ་དེ་གི་དོན་ལུ་ གཞུང་ལས་ མ་དངུལ་ཡོདཔ་ཨིན་རུང་ དེ་ཚུ་ སྟབས་གཅིག་ཁར་ ལྷོད་ནི་མེདཔ་ལས་བརྟེན་ ལཱ་ཚུ་ གྲུབ་འབྲས་ཅན་སྦེ་ འབད་ནིའི་དོན་ལུ་ བེམ་པུའི་ཁྱིམ་གུང་༡༢ ལས་ ཏི་རུ་བསྡུ་དགོཔ་ཐོན་ཡི་ཟེར་ཨིན་པས།
ཚོགས་པ་གིས་ མི་སེར་ལས་ ཏི་རུ་བསྡུ་མི་ཚུ་ ཞིང་ལམ་དེ་གི་དོན་ལུ་ར་ ལག་ལེན་འཐབ་ཅི་ཟེར་ཨིནམ་ད་ ཁོ་གིས་བཤད་མིའི་ནང་ ཞིང་ལམ་དེ་ སྒེར་ས་ནང་ལས་ བཏོན་དགོཔ་ཐོན་ཡོདཔ་ལས་ སྒེར་ས་ཁག་༢ དེ་ཅིག་ ཉོ་དགོཔ་ཐོན་སོ་ཡི་ཟེར་ཨིན་པས།
དེ་ཡང་ ས་ཁག་༢ ཀྱི་དོན་ལུ་ བསྡོམས་དངུལ་ཀྲམ་༧༠,༠༠༠ ས་རིན་སྤྲོད་ཡོདཔ་ད་ ལམ་དེ་ ཧེ་མ་ སྒེར་གྱིས་ཟད་འགྲོ་བཏང་ཐོག་ལས་ བསལ་ཡོད་པའི་ ཞིང་ལམ་ཅིག་ལས་ འཕྲོ་མཐུད་དེ་ བསལ་དགོ་མི་ལུ་བརྟེན་ ཧེ་མ་ ལམ་དེ་བསལ་མི་ ཇོ་བདག་ལུ་ དངུལ་ཀྲམ་༧༠,༠༠༠ སྤྲོད་ཡི་ཟེར་ཨིན་པས།
དེ་ལས་ ལྷག་ལུས་ཚུ་ ལམ་སེལ་གྱི་ལཱ་འབད་མི་ཚུ་ལུ་ གླ་ཆ་སྤྲོད་ཡོདཔ་ད་ དེ་དང་བསྟུན་པའི་ ལཱ་གི་གྲུབ་འབྲས་ཚུ་ཡང་ ལེགས་ཤོམ་སྦེ་ བཏོན་ཚུགས་ཏེ་ཡོད་ཟེར་ཨིན་པས།
ཏི་རུ་བསྡུ་ནིའི་ཐད་ལུ་ མི་སེར་ཚུ་དང་ བསྟུན་གྲོས་འབད་ཡི་ཟེར་ཨིནམ་ད་ ཞིང་ལམ་དེ་ རྩ་འགེངས་བསལ་དགོ་མི་དེ་ཡང་ གཡུས་སྒོའི་དོན་ལུ་ མེད་ཐབས་མེདཔ་ཅིག་ འབད་བ་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
རྡོ་ཕུག་གིས་ སླབ་མིའི་ནང་ ལས་མི་ཚུ་ལུ་ གླ་ཆ་སྤྲོད་དགོ་མི་དེ་ཡང་ གཙོ་བོ་ར་ བེམ་པུའི་མི་སེར་ཚུ་ གནམ་དགུན་ལུ་ ཁོང་རའི་ བྱང་ས་ལུ་འགྱོ་ནི་དེ་གིས་ འུར་ལཱ་རྒྱུག་མི་ མེདཔ་ལས་བརྟེན་ཏེ་ ཨིན་ཟེར་ཨིནམ་ད་ ལམ་དེ་ཡང་ དུས་ཅི་ སྤྱི་ཟླ་༦ པའི་ནང་ མཇུག་བསྡུ་དགོཔ་ཨིན་ཟེར་ཨིན་པས།
ནཱ་རྒྱ་རྒཔོ་ དཀར་མདོག་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༠༨ ལས་ བསལ་ནི་འགོ་བཙུགས་མི་ ཞིང་ལམ་དེ་གི་དོན་ལུ་ གཞུང་ལས་ མ་དངུལ་གནང་མི་ལུ་བརྟེན་ མི་སེར་ཚུ་ལས་ ཏི་རུ་བསྡུ་དགོཔ་མེདཔ་མ་ཚད་ ཏི་རུ་བསྡུ་བའི་སྐོར་ལས་ ཁོ་གིས་ མ་ཤེས་ཟེར་ཨིན་པས།
ཞིང་ལམ་དེ་གི་དོན་ལུ་ གཞུང་གིས་ ཟད་འགྲོ་མ་དངུལ་འབུམ་༧༠ དེ་ཅིག་ གནང་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment