གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དུས་ཅི་ མེ་ཏོག་ཨུ་དུམ་ཝ་ར་ ཧ་སུ་ཤར་མི་ལུ་བརྟེན་ མཇལ་ནིའི་གོ་སྐབས་ ཐོབ་མ་ཚུགསཔ།

༢༨/༥/༢༠༡༣   ༉ དད་ཅན་གྱི་ མི་སེར་ཕོ་མོ་དང་ ན་གཞོན་སློབ་ཕྲུག་མང་ཤོས་ཅིག་གིས་ར་ རང་ཟླ་༤ པའི་ཚེས་༡༥ ལུ་ དུས་ཆེན་ལྔ་འཛོམས་ཀྱི་ ཉིནམ་ཁྱད་འཕགས་ཅན་ལུ་ དགོན་སྡེ་དང་ ལྷ་ཁང་ཚུ་ མཇལ་བར་སོང་བའི་ཤུལ་ལུ་ ཁྱིམ་ནང་སྤྲོ་སྣང་གི་སྒོ་ལས་ ལོག་འོངམ་ཨིན་རུང་ ཧཱ་ཡངས་ཐང་དགོན་པ་ལུ་ དཀར་མེ་ཕུལ་བར་སོང་མི་ སྐྱེས་ལོ་༤༥ ལང་མི་ རིན་ཆེན་དེ་ སེམས་ཕམ་བྱུང་ནུག།
ན་ཧིང་ དུས་ཆེན་ལྔ་འཛོམས་སྐབས་ལུ་ཤར་མི་ མེ་ཏོག་ཨུ་དུམ་ཝ་ར།


རིན་ཆེན་གྱིས་ ན་ཧིང་ལས་ར་ རང་ཟླ་༤ པའི་ཚེས་༡༥ ནམ་ཐོན་འོང་ག་ཟེར་ བསྒུགས་སྡོད་མི་དེ་ཡང་ ཡངས་ཐང་དགོན་པའི་ ནང་རྟེན་འགངས་ཅན་ཚུ་ མཇལ་ནི་དང་ དཀར་མེ་ཕུལ་ནི་རྐྱངམ་གཅིག་མེན་པར་ དགོན་པ་དེ་ནང་ཡོད་པའི་ འཛམ་གླིང་ནང་ ཐོབ་པར་དཀོན་པའི་ མེ་ཏོག་ཨུ་དུམ་ཝ་ར་ མཇལ་ནིའི་དོན་ལུ་ཨིན་པས།
མེ་ཏོག་ཨུ་དུམ་ཝ་ར་དེ་ ལོ་བསྟར་བཞིན་དུ་ རང་ཟླ་༤ པའི་ཚེས་༡༥ ལུ་ ཤར་དོ་ཡོདཔ་ཨིན་རུང་ དུས་ཅི་ མེ་ཏོག་འདི་ ཧ་སུ་སྦེ་ རང་ཟླ་༤ པའི་ ཚེས་༨ ལས་ ཤར་མི་ལུ་བརྟེན་ དུས་ཆེན་ལྔ་འཛོམས་ཀྱི་ དུས་བཟང་ཁྱད་པར་ཅན་དེ་ནང་ མེ་ཏོག་མཇལ་མ་ཚུགསཔ་ལས་ མི་ལེ་ཅིག་ར་ སེམས་ཕམ་དང་བཅསཔ་སྦེ་ ཁྱིམ་ནང་ལོག་སོང་ཡོདཔ་ཨིན་པས།
དེ་ཚུ་གི་གྲས་ལས་ སྐྱེས་ལོ་༦༣ ལང་མི་ ཡངས་ཐང་དགོན་པའི་དཀོན་གཉེར་ དཀར་འདུས་ཀྱིས་ སླབ་མིའི་ནང་ ཁོ་ར་ ལྷ་ཁང་གི་ དཀོན་གཉེར་སྦེ་ བསྐོ་བཞག་འབད་བའི་ཤུལ་ལུ་ གདུང་སྲས་དགའ་རབ་རིན་པོ་ཆེ་ཡང་ མེ་ཏོག་མཇལ་བར་ བྱོན་པའི་སྐབས་ མེ་ཏོག་འདི་ རྒྱལ་ཁབ་ནང་གི་ དགོན་སྡེ་དང་ རྫོང་གཞིས་ཚུ་ནང་ ག་ཏེ་ཡང་མེདཔ་མ་ཚད་ འཛམ་གླིང་ནང་ཡང་ བྱུང་བར་དཀོན་པའི་ མེ་ཏོག་ཅིག་ཨིནམ་ལས་ ད་རེས་ ལུང་བསྟན་གྱིས་སྦེ་ ནཱ་ལུ་འཁྲུངས་འཁྲུངསམ་ཨིན་ཟེར་ རིན་པོ་ཆེ་གིས་ གསུངས་ཞིནམ་ལས་ཚུར་ མི་ཚུ་གིས་ མེ་ཏོག་གི་སྐོར་ལས་ ཧ་གོ་སྟེ་ མཇལ་བ་འོང་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
དཀོན་གཉེར་གྱིས་འབད་བ་ཅིན་ དུས་ཅི་ རང་ཟླ་༤ པའི་ཚེས་༨ ལུ་ མེ་ཏོག་ཨུ་དུམ་ཝ་ར་ཤར་མི་དེ་ འགོ་ཐོག་དང་པ་ཨིན་མི་དེ་ཡང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ འོང་ནི་མས་ཟེར་ཨིནམ་ད་ མེ་ཏོག་འདི་ མཐོ་བ་ཅིན་ ཉིན་གྲངས་༥ དང་ དམའ་བ་ཅིན་ ཉིན་གྲངས་༣ ལས་བརྒལ་ ཤར་སྡོད་ནི་མེདཔ་མ་ཚད་ མེ་ཏོག་གི་ སོན་དང་ལྕངམ་ཚུ་ ས་གནས་གཞན་ག་ཏེ་ར་བཙུགས་རུང་ སྐྱེས་མི་བཏུབ་དོ་ཡོདཔ་ཨིན་པས།
རྟ་ལུང་ལས་ སྐྱེས་ལོ་༦༧ ལང་མི་ རྩིསཔ་རྣམ་རྒྱལ་ཚེ་རིང་གིས་ སླབ་མིའི་ནང་ ཁོ་ཆུང་ཀུ་བསྒང་ལས་ར་ མེ་ཏོག་དེ་ དགོན་པ་དེ་ནང་ ཤར་ས་མཐོང་ཅི་ཟེར་ཨིནམ་ད་ དེབ་སྒང་ མི་མང་ཤོས་ཅིག་གིས་ མེ་ཏོག་གི་མིང་ཡང་ ས་ག་ཟླ་བའི་མེ་ཏོག་དང་ མེ་ཏོག་ཨུ་དུམ་ཝ་ར་ཟེར་ཡང་ སླབ་སྲོལ་ཡོད་ཟེར་ཨིན་པས།
ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་གི་ རྩོམ་སྒྲིག་འགོ་དཔོན་ ཀུན་བཟང་འཕྲིན་ལས་ཀྱིས་ ཀུན་གསལ་ལུ་སླབ་་མིའི་ནང་ ཁོ་གིས་ སྤྱི་ལོ་༢༠༠༦ ལུ་ རྒྱལ་ཁབ་ཀྱི་ས་གནས་ཚུ་ནང་ གཙུག་ལག་ཁང་ཚུ་གི་ ཆགས་རབས་ཞིབ་འཚོལ་འབད་བའི་སྐབས་ ལྷ་ཁང་དེ་ཁར་ མེ་ཏོག་ཡོད་པའི་ ལོ་རྒྱུས་ཅིག་ ག་གིས་ཡང་ སླབ་ནི་མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མེ་ཏོག་ཨུ་དུམ་ཝ་ར་དེ་ འཛམ་གླིང་ནང་ དཀོན་དྲག་ཅིག་ཨིན་པའི་ཁར་ ནང་པའི་དཔེ་ཆ་ཚུ་ནང་ཡང་ མི་ལུས་ཐོབ་པར་ དཀོན་པའི་དཔེ་ཡང་ མེ་ཏོག་འདི་ལུ་བཞག་སྟེ་ཡོད་པའི་ཁར་ ངག་རྒྱུན་ལུ་ སངས་རྒྱས་རེ་རེ་བྱོནམ་ད་ མེ་ཏོག་ཨུ་དུམ་ཝ་ར་རེ་དང་ གངས་སེངྒེ་དཀརམོ་རེ་རེ་ འབྱུང་ནི་ཨིན་ཟེར་མི་ཅིག་ སླབ་སྲོལ་གོ་ཡི་ཟེར་ཨིན་པས།
དཀོན་གཉེར་གྱིས་འབད་བ་ཅིན་ མེ་ཏོག་དེ་ ཧེ་མ་ལས་ཡོད་པའི་ ར་ཁུངས་ཡང་ ལྷ་ཁང་གི་ཁྲམ་ནང་ བཀོད་དེ་ཡོདཔ་མ་ཚད་ མེ་ཏོག་དེ་གིས་ བཟང་ངན་གྱི་རྟགས་མཚན་ཡང་ སྟོན་ནི་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༡ གི་ལོ་ལུ་ མེ་ཏོག་གི་ཤིང་ཕྱེད་ཀ་བསྐམས་སོཔ་ལས་ ལོ་དེ་ནང་ ལྷ་ཁང་ཡང་ ས་ཡོམ་གྱིས་ ཉམས་སྐྱོན་སྦོམ་སྦེ་ར་ རྐྱབ་ཡོདཔ་ལས་ ད་ལྟོ་རྩ་བ་ལས་ གསར་བཞེངས་འབད་བའི་བསྒང་ཡོདཔ་ཨིན་པས།
ཧཱ་རྫོང་ཁག་ནང་ དགོན་ཆེན་བཞི་དང་ དགོན་ཆུང་བཞི་ཟེར་ བརྩི་སྲོལ་ཡོད་པའི་གྲས་ལས་ དགོན་ཆེན་བཞིའི་ཡ་གྱལ་ ཡངས་ཐང་དགོན་པ་དེ་ དུས་རབས་༡༧ པའི་ནང་བྱོན་མི་ དཔོན་སློབ་གྲགས་པ་རྒྱ་མཚོའི་ སློབ་མ་ བླམ་ཆོས་དབྱིངས་རྒྱ་མཚོ་དང་ བླམ་དེ་གི་སློབ་མ་ བླམ་འཕྲིན་ལས་རྒྱ་མཚོ་གིས་སྦེ་ ཕྱག་བཏབ་གནང་ཡོདཔ་ཨིན་པའི་གནས་ཚུལ།

ཧཱ་ལས་ འཇམ་དབྱངས་ཕུན་ཚོགས།

No comments:

Post a Comment