གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣངའཆར།

༢༨/༥/༢༠༡༣   སྲིད་ཀྱི་ སྔོན་བཤད་འབད་མི་ཚུ་ཡང་ མགུ་འཐོམ་དོ་ཡོདཔ།
༉ འདས་པའི་ཟླཝ་ཚུ་ནང་འབད་བ་ཅིན་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་རྒྱན་བཙུགས་མི་ཚུ་གིས་ གཞུང་སྐྱོང་དང་ ལྡོག་ཕྱོགས་དེ་ ཚོགས་པ་ག་གིས་ འཚོགས་ནི་ཨིན་ནའི་སྐོར་ལས་ བསམ་འཆར་འདྲ་མིན་སྣ་ཚོགས་ བཀོདཔ་ཨིན་མས།


ད་རེས་འབདཝ་ད་ འགོ་ཐོག་བཙག་འཐུའི་ ཚོགས་རྒྱན་བཙུགས་ནི་ལུ་ ཉིནམ་༣ ལས་བརྒལ་མེདཔ་བཞིན་དུ་ སྤྱིར་བཏང་བཙག་འཐུའི་དོན་ལུ་ དོ་འགྲན་འབད་མི་ སྲིད་དོན་ཚོགས་པ་༤ གི་གྲས་ལས་༢ གདམ་ཁ་རྐྱབ་དགོཔ་ལས་ ཚོགས་རྒྱན་བཙུགས་མི་ཚུ་ཡང་ ཨ་རྟག་དང་མ་འདྲ་བའི་ སེམས་འཚུབ་བྱུང་བའི་ མངོན་གསལ་བྱུངམ་ཨིན་མས།
ཐ་ན་ སྲིད་ཀྱི་ སྔོན་བཤད་འབད་མི་ཚུ་གིས་ཡང་ སྲིད་ཚོགས་ག་གིས་ རྒྱལ་ཁ་འཐོབ་ཚུགས་ནི་ཨིན་ནའི་ སྔོན་བཤད་འབད་དོ་ཡོདཔ་ཨིན་རུང་ བདེན་འཛིན་རེ་ཚུགས་པར་ ལཱ་ཁག་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ ཚོགས་རྒྱན་བཙུགས་མི་ཚུ་གི་ གདམ་ཁ་དང་ འཁྲིལ་དགོ་ནི་དེ་གིས་ཨིན་མས།
འདས་པའི་གཞུང་སྐྱོང་ཚོགས་པ་ལུ་ གོ་སྐབས་སྦོམ་ཡོད་པའི་ ཚོར་སྣང་ཅིག་བྱུང་མི་དེ་ཡང་ འདས་པའི་ལོ་༥ འི་རིང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚུལ་མཐུན་བྱིན་པའི་ཁར་ དབུལ་ཕོངས་མར་ཕབ་རྐྱབ་ཡོད་པའི་ གྲུབ་འབྲས་ཚུ་ གསལ་བཤད་འབད་མི་ལུ་ བལྟ་སྟེ་ཨིན།
ཨིན་རུང་ འདས་པའི་བདུན་ཕྲག་ཚུ་ནང་ ཚོགས་པ་གཞན་ཚུ་གིས་ སྐྱོན་བརྗོད་འབདཝ་མ་ཚད་ གལ་སྲིད་ ཁོང་ཆ་ཁྱབ་ཨིན་པ་ཅིན་ འདི་བ་དྲགཔ་སྦེ་ འབད་འབདཝ་འོང་ཟེར་བའི་ བསམ་བཤད་འབདཝ་ཨིན་མས།
ལྷག་པར་དུ་ ངན་ལྷད་ནང་འབྲེལ་གཏོགས་དང་ དབང་ཚད་མི་དག་པ་ཅིག་གི་ལགཔ་ཁར་ ཡོད་པའི་སྐོར་ལས་ ཉེས་ཁ་བཀལཝ་མ་ཚད་ འགོ་ཁྲིདཔ་གསརཔ་དང་ ལྕོགས་གྲུབ་ཅན་གྱི་ སྡེ་ཚན་དགོཔ་སྦེ་ བཤདཔ་ཨིན་མས།
བརྡ་བརྒྱུད་ནང་ ལོ་རྒྱུས་ཚུ་ཐོན་པའི་ཁར་ འདི་བཟུམ་མའི་ བསྐུལ་བསྒྲགས་འབད་མི་ཚུ་ལུ་ དོགས་སྣང་བྱུང་དོ་ཡོདཔ་བཞིན་དུ་ ས་ཁོངས་ཚུ་ནང་ ཚོགས་པ་ཚུ་གིས་ རང་སོའི་ བཙན་ཤུགས་བསྐུལ་བསྒྲགས་འབད་མི་དེ་ཡང་ ན་གཞོན་དང་ ཕོ་མོའི་གནད་དོན་ཚུ་ལས་ འགོ་བཟུང་སྟེ་ ས་གནས་གཞུང་དང་ མི་སེར་གྱིས་འཚོགས་མི་ གཞུང་སྐྱོང་ཚུན་ཨིན་མས།
ཚོགས་པ་ཚུ་གིས་ བསྐུལ་བསྒྲགས་འབད་ཐངས་ལུ་བརྟེན་ ཚོགས་རྒྱན་བཙུགས་མི་ཚུ་ སེམས་འགྱུར་བཅུག་མི་དེ་ལུ་ སྲིད་ཀྱི་ སྔོན་བཤད་འབད་མི་ཚུ་ཡང་ ཧ་ལས་དགོཔ་བྱུང་ནུག།
ཚོགས་པ་ལ་ལུ་ཅིག་གིས་ ནང་འཁོད་ཀྱི་དཀའ་ངལ་ཚུ་ བསལ་ནིའི་དོན་ལུ་ ཁས་བླངས་འབད་དོ་ཡོདཔ་ད་ གཞན་མི་ཚུ་གིས་ མི་སེར་གྱི་གཞུང་ལུ་ དམིགས་གཏད་བསྐྱེདཔ་མ་ཚད་ གཞུང་འཚོགས་ནི་གི་ ལྕོགས་གྲུབ་དང་ འཇོན་ཐངས་ཡོད་པའི་སྐོར་ལས་ གསལ་བཤད་འབདཝ་ཨིན་མས།
མི་སྡེ་ཚུ་ནང་ རང་སོའི་དཀའ་ངལ་མ་འདྲཝ་བྱུང་མི་ཚུ་ སེལ་ཐབས་འབད་ནིའི་དོན་ལུ་ ཚོགས་པའི་བསྐུལ་བསྒྲགས་ལུ་བལྟ་སྟེ་ ཚོགས་རྒྱན་བཙུགས་ནི་བཟུམ་ཅིག་ཡོདཔ་ད་ དེ་ཡང་ མི་སེར་སོ་ནམ་པ་ཚུ་གི་དོན་ལུ་ རི་དྭགས་སེམས་ཅན་གྱི་ དཀའ་ངལ་བསལ་ནི་དང་ ན་གཞོན་ཚུ་གི་དོན་ལུ་ ལཱ་གཡོག་དང་ ཡང་ཅིན་ ཆོས་རྒྱུགས་ལོག་རྐྱབ་ནིའི་གོ་སྐབས་བྱིན་ནི་ མི་རྩིས་མེད་མི་ཚུ་ལུ་ ངོ་སྤྲོད་ལག་ཁྱེར་བཟོ་བྱིན་ནི་ དེ་ལས་ ཚོང་པ་ཚུ་གི་དོན་ལུ་ བསྐྱིན་འགྲུལ་བྱིན་ནི་དང་ བཀག་འཛིན་འབད་མི་ཚུ་ ཡངས་ཆག་གཏང་དགོ་པའི་ རེ་འདོད་ཨིན་མས།
རྒྱུ་མཚན་འདི་ལུ་བརྟེན་ མི་སེར་ཚུ་གིས་ཡང་ ཁོང་རའི་ཚོགས་རྒྱན་དེ་ འཕྲོ་བརླག་མ་གཏང་པར་ དོན་སྨིན་ཅན་བཟོ་ནིའི་དོན་ལུ་ དོ་འགྲན་འབད་མི་ ཚོགས་པ་ཚུ་གི་ སྤྱིར་བཏང་གྲོས་འཛོམས་ཚུ་ནང་ ལཱ་ལྟོ་ཆག་རུང་ གྲལ་གཏོགས་འབདཝ་མས་ཟེར་ ཞུ་ནི་ཨིན།

No comments:

Post a Comment