གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་ལུ་ བསྐུལ་བསྒྲགས་མཇུག་བསྡུ་ཡོདཔ།

༢༧/༥/༢༠༡༣   ༉ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་བཙག་འཐུ་དེ་ བདུན་ཕྲག་ཅིག་ལས་བརྒལ་མེདཔ་ལས་ ད་ཚུན་ མོང་སྒར་རྫོང་ཁག་བཟུམ་ཅིག་གི་ མི་སེར་ཚུ་ལུ་ སྲིད་དོན་ཚོགས་པ་༤ པོ་ཆ་རའི་ གཙོ་འཛིན་ཚུ་གིས་ ཁོང་རའི་ཚོགས་པའི་ བསྐུལ་བསྒྲགས་ཚུ་འབད་ཚར་མི་ལུ་བརྟེན་ མི་སེར་ཚུ་གིས་ ཚོགས་པའི་ལྕོགས་གྲུབ་ཚུག་ ཤེས་ཚུགས་ཡོདཔ་ལས་ བསྐུལ་བསྒྲགས་ཀྱི་སྐབས་ལུ་ མི་གནམ་མེད་ས་མེད་མི་འོང་དོ་ཡོདཔ་ཨིན་པས།
བསྐུལ་བསྒྲགས་ནང་གསལ་བཤད་འབད་མི་ མོང་སྒར་གྱི་འདེམས་ངོ་བཞི།


དེ་ཡང་ སྤྱི་ཟླ་འདི་གི་ཚེས་༢༣ ལུ་ མོང་སྒར་འདེམས་ཁོངས་ཀྱི་དོན་ལུ་ འདེམས་ངོ་ཚུ་གིས་ ཁོང་རའི་ཚོགས་པ་༤ གི་སྐོར་ལས་ མོང་སྒར་འབྲིང་རིམ་སློབ་གྲྭ་གོང་མའི་ སྤྱི་དོན་ཁང་ནང་སྦེ་ མི་མང་ལུ་བསྐུལ་བསྒྲགས་ལས་རིམ་འགོ་འདྲེན་འཐབ་པའི་སྐབས་ལུ་ གསལ་བཤད་ཉན་པར་འོང་མི་༢༠༠ དེ་ཅིག་ལས་བརྒལ་མེདཔ་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ གཙོ་འཛིན་ཚུ་གིས་ཡང་ ཁོང་རའི་ཚོགས་པའི་སྐོར་ལས་ གསལ་བཤད་འབད་ཡོདཔ་ལས་བརྟེན་ འདེམས་ངོ་ཚུ་གི་ གསལ་བཤད་ཉན་ནི་ལུ་ སྤྲོ་བ་ཐེབས་མ་བསྐྱེདཔ་མ་ཚད་ གསལ་བཤད་ནང་བཅའ་མར་ མ་གཏོགས་མི་དེ་ཡང་ ཕྱི་རུ་རྒྱང་མཐོང་ལས་རིམ་ནང་ འཐོན་དོ་ཡོདཔ་ལས་ འགྱོ་དགོཔ་ཅིག་མ་མཐོང་མས་ཟེར་ཨིན་པས།
མོང་སྒར་འདེམས་ཁོངས་ཀྱི་དོན་ལུ་ སྲིད་ཚོགས་༣ གྱི་འདེམས་ངོ་ཚུ་གིས་ ཁོང་རའི་སྲིད་ཚོགས་ཀྱི་ ལྟ་བ་དང་ ཁས་བླངས་ཚུ་ འབད་ཚར་ཡོདཔ་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་འདེམས་ངོ་ རྡོ་རྗེ་སྒྲོལ་མ་གིས་ སླབ་མིའི་ནང་ འབྲུག་སྤྱིར་དབང་ཚོགས་པ་དེ་ མི་སེར་ཉམ་ཆུང་གི་ སྐྱིད་སྡུག་ཧ་གོ་མིའི་ཚོགས་པ་ཅིག་འབད་མི་ལུ་བརྟེན་ མི་སྡེའི་ནང་ ལེགས་འགྱུར་འོང་ཚུགས་པའི་ ཚོགས་པ་ཅིག་ཨིན་ཟེར་ཨིནམ་ད་ མོ་ར་ཡང་ གཞུང་མིན་ལས་ཚོགས་ནང་ ལཱ་འབད་ཡོདཔ་ལས་ མི་སེར་ཚུ་གི་སྐྱིད་སྡུག་དེ་ ལེགས་ཤོམ་སྦེ་ར་ ཧ་གོ་ཡི་ཟེར་ཨིནམ་མ་ཚད་ གཞན་མི་འཐུས་མི་ཚུ་ཡང་ མོ་བཟུམ་གྱི་གནས་སྟངས་ལས་ བཙར་འོང་མི་ཨིནམ་ལས་ ཕྱག་ལེགས་ཤོམ་སྦེ་ ཞུ་ཚུགས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ མི་སྡེའི་ནང་ དཀའ་ངལ་འདྲ་མིན་སྣ་ཚོགས་ཡོད་མི་ཚུ་ ཚོགས་པ་གིས་ བསལ་ཚུགས་ཟེར་ ཨིནམ་མ་ཚད་ ན་གཞོན་གྱི་དཀའ་ངལ་དང་ ལཱ་གཡོག་མ་འཐོབ་པའི་དཀའ་ངལ་ཡོདཔ་ལས་ ད་ལྟོ་ལས་ ན་གཞོན་ཚུ་ བདག་འཛིན་མ་འབད་བར་བཞག་པ་ཅིན་ ན་གཞོན་ཚུ་ རྒྱལ་ཁབ་ཀྱི་ མི་ཁུངས་ཨིནམ་ལས་ དཀའ་ངལ་དེ་ ད་ལྟོ་ལས་མ་བསལ་བར་ཅིན་ མ་འོངས་པ་ལུ་ སྟབས་མ་བདེཝ་འཐོན་འོང་ཟེར་ཨིན་པས།
མི་སྡེའི་ནང་དཀའ་ངལ་མྱོང་མི་ཅིག་ ཨམ་སྲུ་ཚུ་ཨིནམ་ལས་ ཨམ་སྲུ་ཚུ་ལུ་ རྒྱབ་སྐྱོར་འབད་ནི་ཟེར་ཨིནམ་ལས་ དཀའ་ངལ་ཚུ་བསལ་ཐབས་དེ་ འབྲུག་སྤྱིར་དབང་ཚོགས་པ་གིས་ འབད་ནི་ཟེར་ཨིནམ་བཞིན་དུ་ ཚོགས་པ་དེ་ལུ་ ཡིད་ཆེས་འདྲོངས་ཚུགས་པ་ཅིན་ ཚོགས་རྒྱན་བཙུགས་གནང་དགོ་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ འཇིགས་མེད་བཟང་པོ་གིས་ སླབ་མིའི་ནང་ དུས་ཅི་གི་བཙག་འཐུ་དེ་ ཧེ་མ་བཟུམ་སྦེ་ སྲིད་དོན་ཚོགས་པ་༢ མེན་པར་ ཚོགས་པ་༤ ཡོདཔ་ལས་ མི་སེར་ཚུ་གིས་འབད་རུང་ རྒྱལ་ཁབ་ནང་ མི་སེར་ཚུ་ལུ་ཤ་ཚ་ཅན་གྱི་ཚོགས་པ་ཅིག་ གདམ་འཐུ་འབད་དགོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འདས་པའི་སྤྱི་ཚོགས་ཀྱི་དོན་ལུ་ ཚོགས་པ་༢ ལས་བརྒལ་མེདཔ་ལས་ མི་སེར་ཚུ་གིས་ ཚོགས་པ་༢ ལུ་ བློ་གཏད་དང་ ཡིད་ཆེས་བསྐྱེད་དེ་ ཕྱག་འགན་སྤྲོད་ཡོདཔ་ལས་ ཕྱག་ག་དེ་སྦེ་ཞུ་ཡི་ག་ མི་སེར་ཚུ་གིས་ ཤེས་དོ་ཡོདཔ་ཨིན་རུང་ གསརཔ་༢ ཀྱིས་ ད་ལྟོ་ ཕྱག་ཞུ་ཞུཝ་མེདཔ་ལས་ མི་སེར་ཚུ་གིས་ ཕྱག་ཞུ་ཚུགས་པའི་ ལྕོགས་གྲུབ་བལྟ་ནིའི་དོན་ལུ་ གདམ་འཐུ་ཕུལཝ་ཨིན་ཟེར་ཨིན་པས།
མཉམ་རུབ་ཚོགས་པའི་འཐུས་མི་ཚུ་ཡང་ མི་སེར་ཉམ་ཆུང་ལས་བཙར་འོང་མི་ སྐྱིད་སྡུག་སིག་སྟེ་ འོང་མི་ཚུ་ཨིནམ་ལས་ མི་སེར་གྱི་ཚ་གྱང་དེ་ མཉམ་རུབ་ཚོགས་པའི་ཚ་གྱང་ཨིནམ་ལས་ ཚོགས་པ་དེ་ནང་ ཤེས་ཡོན་ཅན་དང་ ཉམས་མྱོང་ཅན་གྱི་ ལྕོགས་གྲུབ་ཅན་ཚུ་ཡོདཔ་ལས་ ཚོགས་པ་དེ་གིས་ མི་སེར་ཚུ་དང་གཅིག་ཁར་ མཉམ་རུབ་ཐོག་ལས་ ཕྱག་ཞུ་ནི་ཟེར་ཨིན་པས།
མཉམ་རུབ་ཚོགས་པ་ལུ་ རྒྱབ་ཁ་རི་ཟེར་རུང་ མི་སེར་ཉམ་ཆུང་དང་ གདོང་ཁ་མཚོ་ཟེར་རུང་ མི་སེར་ཉམ་ཆུང་གི་ རེ་བ་དང་ དཀའ་སྡུག་བསལ་ནི་དེ་ཨིནམ་ལས་ གལ་སྲིད་བཙག་འཐུ་འགྲུབ་ཚུགས་པ་ཅིན་ གཞུང་དེ་ མི་སེར་ཚུ་གི་ ལག་པར་བཞག་སྟེ་ འཆར་གཞི་དང་ སྲིད་བྱུས་ག་ཅི་བརྩམ་རུང་ མི་སེར་ཚུ་དང་ གྲོས་བསྟུན་ཐོག་ལས་ ཕྱག་ཞུ་ནི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་སེར་ཚུ་ལུ་ཚ་གྱང་༣ དེ་ཅིག་མཐོང་མི་དེ་ གཞུང་གསརཔ་གིས་ ཕྱི་རྒྱལ་ལས་ མ་དངུལ་གྲོགས་རམ་འཐོབ་མི་ཚུགས་ཟེར་བའི་ དོགས་པ་བསྐྱེད་མི་ལུ་ ཁོ་གིས་འབད་བ་ཅིན་ གཞུང་ག་འོང་རུང་ མ་དངུལ་ཚུ་འཐོབ་སྟེ་ར་ སྡོད་འོང་ཟེར་ཨིནམ་མ་ཚད་ འཆར་གཞིའི་ལཱ་ཚུ་ འཕྲོ་མཐུད་འབད་མ་ཚུགས་པའི་དོགས་པ་བསྐྱེད་དགོཔ་མེདཔ་ལས་ འཆར་གཞི་གི་ལཱ་དེ་ འཆར་གཞི་དང་་འཁྲིལ་འགྱོ་དགོཔ་ལས་ ལཱ་མ་འབད་བར་ ག་གིས་ཡང་མི་བཞག་ཟེར་ཨིནམ་ད་ དུས་ཅི་གི་ལོ་དེ་ དམངས་གཙོའི་གཞུང་ ལམ་རྒྱ་གྲམ་ཁ་ལུ་ལྷོད་དེ་ཡོདཔ་ལས་ མི་སེར་ཚུ་གིས་ ལམ་འཛོལ་བ་དེ་ རྩ་ལས་ར་ གདམ་ཁ་རྐྱབ་ནི་མི་འོང་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀརྨ་ལྷ་མོ་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ བློ་གཏད་དང་ ཡིད་ཆེས་ཡོད་མི་ལུ་བརྟེན་ འདས་པའི་ལོ་༥ གི་རིང་ གཞུང་སྐྱོང་གི་ ཕྱག་ཞུ་ནིའི་གོ་སྐབས་འཐོབ་ཡོདཔ་ལས་ བཀྲིན་དགའ་ཚོར་ཡོད་པའི་ཁར་ ད་ལས་ཕ་འབད་རུང་ མི་སེར་ཚུ་གི་བསམ་དོན་གྲུབ་ཐབས་ལུ་ འབྲུག་ཕུན་སུམ་ཚོགས་པ་དེ་ ཕྱག་ཞུ་ཆོག་ཆོག་སྦེ་ར་ ཡོད་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ ཁས་བླངས་ཚུ་ཡང་ ག་ར་གྲུབ་ཚུགས་ཡོདཔ་ལས་ ཚོགས་པ་དེ་གིས་ དམ་ཚིག་དཔང་ལུ་བཙུགས་ཏེ་ ཕྱག་ཞུ་བའི་གྲུབ་འབྲས་ལས་ ད་རེས་ནངས་པ་ མིག་གིས་མཐོང་ས་ར་ཡོད་ཟེར་ཨིནམ་ད་ ད་ལས་ཕར་འབད་རུང་ མི་སེར་ཚུ་གིས་ སྲིད་དོན་ཚོགས་པ་དེ་ ལེགས་ཤོམ་ཅིག་ རྒྱལ་ཁབ་དང་ མི་སེར་ཚུ་ དམ་ཚིག་དཔང་ལུ་བཙུགས་ཏེ་ ཕྱག་ཞུ་མིའི་ཚོགས་པ་ཅིག་ གདམ་འཐུ་གནང་ནི་དེ་ འཛོལ་ནི་མི་འོང་ཟེར་ཨིན་པས།
ད་རེས་ནངས་པ་ རྒྱལ་ཁབ་ནང་ བུ་ལོན་ལེ་ཤ་བཟོ་ཡི་ཟེར་ ཚོགས་པ་ལ་ལུ་ཅིག་གིས་ མི་སེར་ཚུ་ལུ་ ཚ་གྱང་ལང་བཅུག་དོ་ཡོདཔ་ལས་ ཚ་གྱང་ལང་ནི་མི་འོང་ཟེར་ཨིནམ་ད་ དེ་ཡང་ ད་རེས་ནངས་པ་ བུ་ལོན་བཟོ་ཞིནམ་ལས་ རྒྱལ་ཁབ་ནང་ རང་མགོ་རང་འདྲོངས་བཟོ་ནིའི་ཐབས་ཤེས་མ་བཏོན་པ་ཅིན་ མ་འོངས་བུ་གཞི་ཚུ་ རང་མགོ་རང་འདྲོངས་སྦེ་ སྡོད་ཚུགས་པའི་ ཐབས་ཤེས་མེད་ཟེར་ཨིནམ་ད་ ཚོགས་པ་དེ་གིས་ མི་སེར་ རང་མགོ་རང་འདྲོངས་བཟོ་ཐབས་ལུ་ གོང་འཕེལ་གྱི་ལཱ་ཚུ་ འཕྲོ་མཐུད་དེ་ར་ ཕྱག་ཞུ་འོང་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ སྐལ་བཟང་དབང་མོ་གིས་ སླབ་མིའི་ནང་ ཁོང་གི་ཚོགས་པའི་ལྟ་བ་དེ་ དབང་ཚད་ཕྱིར་སྤེལ་ཨིནམ་ལས་ དབང་ཚད་ཕྱིར་སྤེལ་ལུ་བརྟེན་ དམངས་གཙོའི་གཞུང་སྒྲིང་སྒྲིང་སྦེ་གཞི་བཙུགས་ཏེ་ མི་སེར་ཚུ་ལུ་ དགའ་སྐྱིད་ཀྱི་ བདེ་ཐབས་བཟོ་ནི་ཟེར་ཨིན་པས།
གལ་སྲིད་ མི་སེར་དམངས་གཙོ་ཚོགས་པ་དེ་ བཙག་འཐུ་འགྲུབ་པ་ཅིན་ ས་གནས་གཞུང་གི་ འཐོབ་ཁུངས་དང་ ས་གནས་གཞུང་ལུ་ དངུལ་འབྲེལ་གྱི་དབང་ཚད་བྱིན་ནི་ཟེར་ཨིནམ་ད་ རྒེད་འོག་རེ་ནང་ དངུལ་ཀྲམ་ས་ཡ་༢ རེ་བྱིན་ཐོག་ལས་ གོང་འཕེལ་དང་ གློ་བུར་གྱི་ཞབས་ཏོག་ཚུ་ འདི་ལུ་བརྟེན་ འགྲུབ་ཚུགས་ཟེར་ཨིན་པས།
མི་སེར་ཚུ་གི་སྐྱིད་སྡུག་དེ་ ས་གནས་གཞུང་གིས་ ཧ་གོ་མི་ལུ་བརྟེན་ ཐད་ཀར་དུ་ འབྲེལ་བ་འཐབ་ཚུགསཔ་མ་ཚད་ རྒེད་འོག་རེ་ནང་ སྣུམ་འཁོར་ བཱོ་ལི་རོ་རེ་དང་ སྤྱི་འོག་རེ་ནང་ འཕྲུལ་གླང་པཱ་ཝར་ཊི་ལར་རེ་བྱིན་ནི་ཨིནམ་མ་ཚད་ གློ་བུར་གྱི་དོན་ལུ་ གནམ་གྲུ་ཆུང་བ་༢ མཁོ་སྒྲུབ་འབད་ནི་དང་ རྒེད་འོག་གི་འཁོར་ལམ་ཚུ་ རྩི་ནག་གཏང་ནི་ཟེར་ཨིན་པས།
ཨིན་རུང་ མོང་སྒར་གྱི་ མི་སེར་ལ་ལུ་ཅིག་གིས་ སླབ་མིའི་ནང་ མི་སེར་ཚུ་ མགུ་འཐོམ་བཅུགཔ་མས་ཟེར་ཨིནམ་ད་ དེ་ཡང་ མོང་སྒར་འདེམས་ཁོངས་ལས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་དེ་ སྐལ་བཟང་དབང་མོ་མེན་པར་ པདྨ་དབང་འདུས་ཨིན་ཟེར་ སླབ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཚོང་པ་ཅིག་གིས་ སླབ་མིའི་ནང་ བསྐུལ་བསྒྲགས་དེ་ སྐལ་བཟང་དབང་མོ་གིས་ འབད་དོ་ཡོདཔ་ཨིན་རུང་ འགོ་ཐོག་བཙག་འཐུ་མཇུག་བསྡུ་ཞིནམ་ལས་ སྤྱིར་བཏང་བཙག་འཐུའི་སྐབས་ལུ་ པདྨ་དབང་འདུས་ཀྱིས་ དོ་འགྲན་འབད་ནི་ཟེར་མི་ལུ་ མ་བཏུབ་མཐོང་མི་དེ་ཡང་ མི་སེར་ཚུ་གིས་ ཚོགས་པའི་འདེམས་ངོ་ཚུ་ འགོ་ཐོག་བཙག་འཐུ་ལས་ར་ གདམ་འཐུ་འབད་དགོཔ་ལས་བརྟེན་ མི་སེར་ཚུ་ མགུ་འཐོམ་མས་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment