གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྨན་སྦིས་བཙན་མཁར་གྱི་མི་སེར་ཚུ་ ཚོགས་རྒྱན་ག་ལུ་བཙུགས་ནི་ཨིན་ནའི་ སེམས་ཐག་བཅད་ཚར་ཡོདཔ།

༢༢/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༢༠ ལུ་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་གྱིས་ སྤྱིར་བཏང་གྲོས་འཛོམས་ནང་ མོ་རའི་ཚོགས་པའི་ ཁས་བླངས་གསལ་བཤད་འབད་མི་དེ་ལུ་ ལྷུན་རྩེ་ སྨན་སྦིས་བཙན་མཁར་གྱི་ མི་སེར་ཚུ་ ཡིད་ཆེས་འདྲོངས་ཡོདཔ་ཨིན་པས།

འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་གྱིས་ བསྐུལ་བསྒྲགས་གསལ་བཤད་འབད་བར་
འགྱོ་བའི་བསྒང་།

གཙོ་འཛིན་གྱིས་ གསལ་བཤད་འབད་བའི་ཤུལ་ལུ་ མི་སེར་མང་ཤོས་ཅིག་གིས་ སླབ་མིའི་ནང་ མ་གཞི་ རྒེད་འོག་གི་ མི་སེར་ཚུ་གིས་འབད་བ་ཅིན་ ཁོང་ཆ་ཁྱབ་ཀྱིས་ སྲིད་ཚོགས་ག་དེ་ གདམ་འཐུ་འབད་ནི་ཨིན་ན་དང་ འཐུས་མི་ག་དེ་ དགོ་ནི་ཨིན་ནའི་ སེམས་ཐག་བཅད་ཡོདཔ་ཨིན་རུང་ ད་ལྟོ་ གསང་བའི་ཐོག་ལུ་བཞག་མི་དེ་ གཙོ་བོ་ར་ གཅིག་གིས་གཅིག་ལུ་ སྟབས་མ་བདེཝ་མི་འཐོན་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ཨ་ལུ་༣ གྱི་ཨའི་ ཚེ་རིང་མོ་གིས་ སླབ་མིའི་ནང་ མོ་གི་སེམས་ཁར་ ཚོགས་པ་ག་གིས་ ཕན་ཐོགས་ནི་ཨིན་ན་དང་ འཐུས་མི་ག་གིས་ ཕན་ཐོགས་འབྱུང་ནི་ཨིན་ནའི་སྐོར་ལས་ ཧ་གོ་ཚར་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ གཡུས་སྒོའི་མི་སེར་ཚུ་གིས་ ལོ་རྒྱུས་སླབ་མི་ཚུ་ལུ་ ཉན་ཡོདཔ་མ་ཚད་ མོ་རའི་ སྤུན་ཆ་ཚུ་ལུ་ཡང་ སྲིད་ཚོགས་ག་གིས་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་འབྱུང་ནི་ཨིན་ནའི་སྐོར་ལས་ དྲི་དཔྱད་འབད་ཚརཝ་ལས་ ཚོགས་རྒྱན་བཙུགས་ནི་ལུ་ གྲ་སྒྲིག་ཡོད་ཟེར་ཨིན་པས།
ད་རེས་ སྤྱིར་བཏང་གྲོས་འཛོམས་ནང་ བཅའ་མར་གཏོགས་པར་འོང་མི་དེ་ཡང་ ཁོང་གིས་ མནོ་མི་དང་ ཚོགས་པའི་ལྟ་བ་༢ རྟགས་མཐུན་མི་མཐུན་ བལྟ་ནིའི་དོན་ལུ་ ཚོགས་པའི་གཙོ་འཛིན་ཚུ་ ག་ར་འོང་རུང་ བཅའ་མར་གཏོགས་ནི་ཨིན་ཟེར་ཨིན་པས།
གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ འབྲུག་མཉམ་རུབ་ཚོགས་པ་ཟེར་ གཞི་བཙུགས་འབད་མི་དེ་ཡང་ མི་སེར་ཚུ་གི་ཚ་གྱང་ ལེགས་ཤོམ་སྦེ་ ཧ་གོ་ནི་དེ་གིས་ཨིན་ཟེར་ཨིནམ་ད་ མོ་གི་ཚོགས་པ་གིས་ དམངས་གཙོའི་གཞུང་དེ་ མི་སེར་ཚུ་ལུ་ དབང་ཚད་སྤྲོད་ཞིནམ་ལས་ མི་སེར་གྱི་གཞུང་སྦེ་ གཞི་བཙུགས་འབད་ནིའི་དོན་ལས་ མི་སེར་ཚུ་ལུ་ གདམ་འཐུ་ཕུལ་མི་ ཚོགས་པ་ཅིག་ཨིན་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ དམངས་གཙོའི་རིང་ལུགས་ལུ་བརྟེན་ གཞུང་གདམ་འཐུ་འབད་ནི་ འཛོལ་ཡོདཔ་ལས་བརྟེན་ དམངས་གཙོའི་གཞུང་མེདཔ་ཐལ་མི་ རྒྱལ་ཁབ་ལེ་ཤ་ཡོདཔ་ལས་ དེ་བཟུམ་གྱི་ གནས་སྟངས་ལུ་ མི་ཐུག་ནིའི་དོན་ལས་ མི་སེར་ཚུ་གིས་འབད་རུང་ གཞུང་གདམ་འཐུ་འབད་ནི་དེ་ འཛོལ་ནི་མི་འོང་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ དམངས་གཙོའི་གཞུང་དེ་ མི་༡ དང་༢ ཀྱིས་ དབང་ཚད་བཟུང་སྟེ་ མི་སེར་ཚུ་གི་ཕྱག་ལུ་ དབང་ཚད་མ་བཞག་པ་ཅིན་ རྒྱུ་སྟོབས་དབང་ཅན་ཚུ་དང་ཁ་བསྡོམས་ཏེ་ དམངས་གཙོའི་གཞུང་ མེདཔ་གཏང་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།
ད་རེས་ཀྱི་ དུས་ཚོད་དེ་ གཞུང་སྐྱོང་འགོ་ཁྲིདཔ་གིས་ མི་སེར་ཚུ་ལུ་ བཀའ་གནང་ནི་མེན་པར་ མི་སེར་ཚུ་གིས་ བཀའ་གནང་དགོ་པའི་ དུས་ཚོད་ཨིན་ཟེར་ཨིན་པས།
དམངས་གཙོའི་གཞུང་ནང་ མི་སེར་ཚུ་ལུ་ དབང་ཚད་མ་སྤྲོད་པར་ མི་རེ་གཉིས་ཀྱི་ལགཔ་ཁར་ དུས་ཡུན་རིངམོ་སྦེ་ བཞག་པ་ཅིན་ མི་སེར་ཚུ་གི་ མནོ་དོན་འགྲུབ་མི་ཚུགས་ནི་ཨིནམ་ད་དེ་ཡང་ འཆར་གཞི་དང་ སྲིད་བྱུས་ཚུ་ ག་ཅི་ར་བརྩམ་རུང་ མི་སེར་ཚུ་དང་གཅིག་ཁར་ གྲོས་བསྟུན་མ་འབད་བ་ཅིན་ ལཱ་འཛོལ་འོང་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ དམངས་གཙོའི་གཞུང་ སྒྲིང་སྒྲིང་འགྱོ་དགོ་པ་ཅིན་ དབང་ཚད་དེ་ མི་སེར་ཚུ་ལུ་ གནང་དགོཔ་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་འབད་བ་ཅིན་ དབང་ཚད་མི་སེར་ལུ་གནང་སྟེ་ མི་སེར་དང་གཅིག་ཁར་ མཉམ་རུབ་ཐོག་ལས་ ཕྱག་ཞུ་ཚུགས་པའི་ ཚོགས་པ་ཅིག་ཨིན་ཟེར་ཨིནམ་ད་ མཉམ་རུབ་ཚོགས་པའི་ཚ་གྱང་དེ་ མི་སེར་ཚུ་ལུ་ རུ་ཏོག་ལུ་ཕོག་པའི་ཚ་གྱང་ཨིན་ཟེར་ཨིན་པས།
གཙོ་འཛིན་གྱིས་ སླབ་མིའི་ནང་ ད་རེས་ནངས་པ་ རྒྱལ་ཁབ་ནང་ འདྲ་མཉམ་དང་ དྲང་བདེན་མིན་འདུག་ཟེར་བའི་ ལོ་རྒྱུས་ཚུ་ ཨ་རྟག་ར་ མི་སྡེ་ཚུ་ནང་ སླབ་བཞིན་དུ་ཡོདཔ་ད་ དེ་ཡང་ ཁོང་གི་ཚོགས་པ་གིས་ ངེས་པར་དུ་ བསལ་ཚུགས་ཟེར་ཨིན་པས།
དེ་མ་ཚད་ ད་རེས་ནངས་པ་ རྒྱལ་ཁབ་ནང་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་བསལ་ཏེ་ བརྒྱ་ཆ་མར་ཕབ་འབད་ཡོད་མི་དེ་ ཤོག་གུའི་ཐོག་ལུ་མ་གཏོགས་ དོན་ངོ་མ་ལུ་ མེད་མི་དེ་ཡང་ ལཱ་གཡོག་མ་ཐོབ་མི་ ན་གཞོན་ཚུ་གི་གྱངས་ཁ་དེ་ ཨ་རྟག་བཟུམ་སྦེ་ར་ ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ད་རེས་ནངས་པ་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ནང་ ཡར་རྒྱས་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ཨང་༥ པ་སྦེ་ གནས་ཚུལ་གོ་མི་ལུ་ ཁོང་གིས་འབད་བ་ཅིན་ ཡིད་ཆེས་བསྐྱེད་མ་ཚུགས་མི་དེ་ཡང་ རྒྱལ་ཁབ་ནང་ ད་ལྟོའི་བར་ན་ཡང་ མི་སེར་འབུམ་༡ དེ་ཅིག་ ཉིནམ་༡ ལུ་ ལྟོ་དུས་ཕོག་༣ ཡང་ བཟའ་ནི་མེད་པར་ དཀའ་སྡུག་བྱུང་སྟེ་ ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཁབ་ནང་ བུ་ལོན་ཡར་སེང་སོང་མི་དེ་ལུ་ མི་སེར་ཚུ་ ཚ་གྱང་སྦོམ་ལང་དགོ་མི་དེ་ཡང་ བུ་ལོན་སངས་དགོ་པ་ཅིན་ འབྲུག་མི་རེ་གིས་ དངུལ་ཀྲམ་༥༤,༠༠༠ རེ་ བཏབ་དགོ་པས་ཟེར་ཨིནམ་ད་ དེ་ཡང་ བཟའ་ཚན་ནང་མི་༡༠ ཡོད་པ་ཅིན་ དངུལ་ཀྲམ་འབུམ་༥ རེ་ སྤྲོད་དགོཔ་ལས་ ཚད་ལས་བརྒལ་བའི་བུ་ལོན་ བཟོ་ནི་མི་འོང་ཟེར་ཨིན་པས།
གཙོ་འཛིན་གྱིས་ སླབ་མིའི་ནང་ ད་རེས་ནངས་པ་ མི་སེར་ཚུ་གིས་ དོགས་པ་ལས་འབད་བ་ཅིན་ གཞུང་གསརཔ་འོང་པ་ཅིན་ ཕྱིའི་རྒྱལ་ཁབ་ཚུ་ལས་ གྲོགས་རམ་འཐོབ་མ་ཚུགས་པའི་སྐོར་ལས་ མ་བདེན་པའི་གཏམ་ཚུ་ སླབ་དོ་ཡོདཔ་ལས་ གྲོགས་རམ་དེ་ ཧེ་མའི་ བློན་ཆེན་དང་ བློན་པོ་ཚུ་གི་ ངོ་དང་གསོ་ལུ་ ལྟ་སྟེ་མེན་པར་ རྒྱལ་ཁབ་ཀྱི་གནས་སྟངས་ དེ་ལས་ ཧེ་མ་ལས་ མཐུན་ལམ་དམ་ཟབ་ཡོདཔ་ལས་བརྟེན་ཨིན་ཟེར་ཨིནམ་ད་ ཁོང་གིས་ཡང་ དེ་བཟུམ་སྦེ་ར་ གྲོགས་རམ་འཐོབ་མ་ཚུགས་པའི་ དཔེ་མི་སྲིད་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ དུས་ནམ་ར་འབད་རུང་ ཁ་དང་ལགཔ་རྟགས་མ་མཐུན་པའི་ ལཱ་འབད་ནི་མི་འོང་ཟེར་ཨིནམ་ད་ གལ་སྲིད་ འབྲུག་མཉམ་རུབ་ཚོགས་པ་གིས་ བཙག་འཐུ་འགྲུབ་ཚུགས་པ་ཅིན་ དང་པ་ར་ དམངས་གཙོའི་གཞུང་དེ་ མི་སེར་གྱི་གཞུང་བཟོ་ཞིནམ་ལས་ མི་སེར་ཚུ་ལུ་ དབང་ཚད་སྤྲོད་ནི་ཨིན་ཟེར་ཨིན་པས།
ད་ལྟོ་ ལ་མ་བརྒལ་ ལ་རྩེའི་སྦུག་དང་ ཆུ་མ་བརྒལ་ ཟམ་པའི་སྦུག་ཨིནམ་ལས་ ཚོགས་རྒྱན་དེ་ མི་སེར་ཚུ་ལུ་ ཤ་ཞན་བསྐྱེད་ཚུགས་པའི་ཚོགས་པ་ལུ་ བཙུགས་ནིའི་དོན་ལས་ རྒྱབ་སྐྱོར་གནང་དགོ་ཟེར་ ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment