གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲི་ལོ་༢༥ འཁོར་བའི་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་ འགོ་བཙུགས་ཡོདཔ།

༢༤/༥/༢༠༡༣   ༉ ཁ་ཙ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་སྦེ་ ཁྲི་ལོ་༢༥ འཁོར་བའི་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་ནང་ འབྲུག་ཤོབ་པིང་སྡེ་ཚན་གྱིས་ སྐུགས་༢ ཕྲངམ་ཕྲང་སར་ ཆོད་བཏང་བའི་སྐབས་ རག་རོག་སྡེ་ཚན་གྱིས་ དོ་འགྲན་རྩ་ལས་ འབད་མ་ཚུགས་པར་ ཕམ་ཡོདཔ་ཨིན་པས།
རག་རོག་སྡེ་ཚན་ལས་ རྩེད་འགྲན་འབད་མི་ཅིག་གིས་ ཚ་གཏད་པའི་བསྒང་།


སྡེ་ཚན་༢ ཀྱི་རྩེད་འགྲན་འགོ་བཙུགས་པའི་ སྐོར་ཐེངས་ནང་ འབྲུག་ཤོབ་པིང་ལས་ ཆོས་སྐྱིད་དང་ལུང་བསྟན་ ཚེ་དབང་རྣམ་རྒྱལ་ དེ་ལས་ བཀྲིས་རྡོ་རྗེ་༤ གིས་ བཀག་རེག་༤ ཕོག་མི་དེ་ རག་རོག་སྡེ་ཚན་གྱིས་ བཏོག་བཏང་ནིའི་དོན་ལུ་ དོ་འགྲན་འབད་དེ་ པདྨ་རྡོ་རྗེ་དང་ འཕྲིན་ལས་རྣམ་རྒྱལ་༢ ཀྱིས་ བཀག་རེག་རེ་རེ་ཕོག་སྟེ་ སྐུགས་༤ ལས་བརྒལ་ རྩིས་མ་བཅུགཔ་ཨིན་པས།
འབྲུག་ཤོབ་པིང་སྡེ་ཚན་གྱིས་ སྐོར་ཐེངས་༨ པའི་ནང་ ཚེ་རིང་རྒྱལ་མཚན་གྱིས་ དོབ་སྦྱེལ་ཕོག་ཡོདཔ་མ་ཚད་ རྩེད་འགྲན་འབད་མི་ ཆ་རོགས་༤ གིས་ བཀག་རེག་༤ ཕོག་ཡོདཔ་ལས་ སྐུགས་༡༩ བཟོ་ཡོདཔ་བཞིན་དུ་ སྐོར་ཐེངས་༩ པའི་ནང་ བཀག་རེག་༤ ཕོག་པའི་ཁར་ བསྟན་པ་གིས་ དོབ་སྦྱེལ་ཕོག་མི་ལུ་བརྟེན་ སྐུགས་དང་པམ་དེ་ ཆོད་ཡོདཔ་ཨིན།
ཨིན་རུང་ བྱང་ཕྱད་སྡེ་ཚན་གྱིས་ བཀག་རེག་ཚུ་ བཏོག་གཏང་ནི་སྦེ་ དོ་འགྲན་འབད་ཡོད་རུང་ བྱང་ཕྱད་སྡེ་ཚན་གྱིས་ གོ་སྐབས་བྱིན་མ་བཏུབ་པར་ བཀག་རེག་གཅིག་ཤུལ་གཉིས་སྦེ་རྐྱབ་སྟེ་ སྐུགས་༡ ཡང་ རྩིས་ནིའི་གོ་སྐབས་ལེན་མ་ཚུགས་པར་ ཕམ་ཁ་ལེན་དགོཔ་བྱུང་ཡི།
ཉི་མའི་ལྟོ་བཟའ་ཞིནམ་ལས་ སྐོར་ཐེངས་༥ པའི་ནང་ སྐུགས་༢ པམ་དེ་ཡང་ ཆོད་ཡོདཔ་བཞིན་དུ་ དེ་ཡང་ སྐོར་ཐེངས་༣ པའི་ནང་ ཚེ་རིང་རྒྱལ་མཚན་དང་ ཀརྨ་ དེ་ལས་ ཨྱོན་དཔལ་འབྱོར་༣ གྱིས་ དོབ་སྦྱེལ་རེ་རེ་ཕོག་ཡོད་པའི་གུ་ ཐུབ་བརྟན་དང་ ཆོས་སྐྱིད་ དེ་ལས་ ལུང་བསྟན་༣ གྱིས་ བཀག་རེག་རེ་རེ་ཕོག་མི་གིས་ སྐུགས་༢༠ སྟབས་གཅིག་ལུ་ཐོབ་ཅི།
གལ་སྲིད་ གཞན་མི་སྡེ་ཚན་ལས་ ཡ་མཚན་ཅན་སྦེ་ ཚེ་དབང་དངོས་གྲུབ་ཀྱིས་ དོབ་སྦྱེལ་དང་ པདྨ་ཚེ་རིང་དང་ ཚེ་དབང་རིག་འཛིན་ ཨྱོན་དབང་ཕྱུག་ ལོག་བྷ་དུར་༤ གིས་ བཀག་རེག་རེ་རེ་ཕོག་མ་ཚུགས་པ་ཅིན་ འབྲུག་ཤོབ་པིང་སྡེ་ཚན་གྱིས་ སྐུགས་ཆོད་ནི་ཨིན་རུང་ སྐུགས་༡༢ བཏོག་བཏང་ཡོདཔ་ཨིན་པས།
ཉི་མའི་ སྐོར་ཐེངས་༤ པའི་ནང་ འབྲུག་ཤོབ་པིང་སྡེ་ཚན་གྱིས་ བཀག་རེག་༣ ཕོག་ཡོདཔ་ལས་ སྐུགས་༢ པ་ཆོད་ནི་འབད་རུང་ རག་རོག་སྡེ་ཚན་གྱིས་ བཀག་རེག་༤ རྐྱབ་སྟེ་ བཏོག་བཏངམ་མ་ཚད་ སྐུགས་༢ རྩིས་ནིའི་གོ་སྐབས་ཐོབ་ཅི།
གཞན་མིའི་སྐོར་ཐེངས་ནང་ འབྲུག་ཤོབ་པིང་སྡེ་ཚན་གྱིས་ བཀག་རེག་༤ ཕོག་མི་དེ་ རག་རོག་སྡེ་ཚན་གྱིས་ བཀག་རེག་༢ ལས་བརྒལ་བཏོག་མ་ཚུགས་མི་ལུ་བརྟེན་ སྐུགས་༢ པའི་བསྡོམས་རྩིས་དེ་ ཕྱི་རུའི་ཆུ་ཚོད་༤ དེ་ཅིག་ཁར་ འགྲིགས་ཡོདཔ་ཨིན་པས།
འབྲུག་ཤོབ་པིང་སྡེ་ཚན་ལས་ ཚེ་རིང་རྒྱལ་མཚན་གྱིས་ བཀག་རེག་༡༢ ཨྱོན་དཔལ་འབྱོར་གྱིས་ བཀག་རེག་༡༠ དེ་ལས་ ཚེ་དབང་རྣམ་རྒྱལ་གྱིས་ བཀག་རེག་༧ ཕོག་མི་དང་འབྲེལ་ བསྡོམས་ཀྱི་བཀག་རེག་༦༣ ཕོགཔ་ད་ རག་རོག་སྡེ་ཚན་གྱིས་ བཀག་རེག་༣༩ ལས་བརྒལ་ཕོག་མ་ཚུགསཔ་ཨིན་པས།
ཁྲི་ལོ་༢༥ འཁོར་བའི་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་དེ་ སྤྱི་ཟླ་༥ པའི་ཚེས་༢༡ ལས་ འགོ་བཙུགས་ཡོདཔ་ད་ སྤྱི་ཟླ་༦ པའི་ཚེས་༣༠ ལུ་ མཐའ་བཅད་འགྲན་བསྡུར་འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment