གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་ཁྱིམ་ཚུ་ནང་ ལོ་ངོ་༡༠ ལས་བརྒལ་ སྡོད་མི་ཆོག་ནི།

༢༡/༥/༢༠༡༣   ༉ བསྐྱར་ཞིབ་འབད་དེ་ ད་ལྟོ་ ཟིན་བྲིས་ཐོག་ལུ་ཡོད་མི་ རྒྱལ་གཞུང་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ ཁྱིམ་བཟོ་ཁྲིམས་ལུགས་༢༠༡༣ ཅན་མ་དང་འཁྲིལཝ་ད་ ད་ལས་ཕར་ ཞི་གཡོགཔ་ཚུ་གིས་ གཞུང་གྱི་ཁྱིམ་ཚུ་ནང་ དུས་ཡུན་མཐོ་ཤོས་ ལོ་ངོ་༡༠ མ་གཏོགས་ སྡོད་མི་ཆོག་ནི་ཨིན་པས།
དེ་ཡང་ ཞི་གཡོགཔ་ཚུ་གི་དོན་ལུ་ གཞུང་ཁྱིམ་བགོ་བཀྲམ་ཚུ་ འདྲ་མཉམ་སྦེ་ འཐོབ་ཚུགསཔ་བཟོ་ནི་ལུ་དམིགས་ཏེ་ཨིན་པས།



ད་རེས་ཀྱི་ གནས་སྟངས་ནང་འབད་བ་ཅིན་ གཞུང་གྱི་ཁྱིམ་ཚུ་ནང་སྡོད་དེ་ ལོ་ངོ་༣༠ རེ་ལང་མི་ཡང་ཡོདཔ་ད་ ལ་ལུ་ཅིག་གིས་ གཞུང་གི་ཁྱིམ་གྱི་དོན་ལུ་ ཞུ་ཡིག་བཙུགས་ཏེ་ ལོ་ངོ་༢༠ ལྷག་སོང་རུང་ ཁྱིམ་མ་ཐོབ་པར་ ལུས་ཏེ་ཡོདཔ་ཨིན་པས།
ཁྲིམས་ལུགས་དེ་ ལག་ལེན་འཐབ་ནི་ འགོ་བཙུགས་པའི་བསྒང་ལས་ གཞུང་གི་ཁྱིམ་ཚུ་ནང་ སྡོད་ནིའི་རེ་བ་བསྐྱེད་མི་ཚུ་ལུ་ གོ་སྐབས་འདྲ་མཉམ་འབྱུང་ཚུགས་ནི་ཨིན་པས།
གཞུང་ཁྱིམ་བགོ་བཀྲམ་གྱི་དོན་ལུ་ ཧེ་མ་འབད་བ་ཅིན་ སྒྲིང་ཁྱིམ་ཚུ་གི་ དབྱེ་བ་དང་འཁྲིལ་ ཞི་གཡོག་གི་སྡེ་རིམ་ ཁག་༦ དེ་ཅིག་དབྱེ་སྟེ་ བཟོ་ཡོདཔ་ཨིན་རུང་ ད་རེས་ བསྐྱར་བཟོ་འབད་མི་ ཁྲིམས་ལུགས་དེ་ནང་ ཁྱད་ཚད་དང་ ཁྱིམ་གྱི་དབྱེ་བ་ཁག་༣ ལུ་བསྡུས་ཏེ་ བཟོ་ཡོདཔ་ཨིན་པས།
ཁྲིམས་ལུགས་ནང་ ཁྱིམ་བགོ་བཀྲམ་གྱི་ ཁྱད་ཚད་དང་འཁྲིལཝ་ད་ ཞི་གཡོགཔ་ཚུ་དང་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་གྱི་ ལས་བྱེདཔ་ཚུ་གིས་ གཞུང་གི་ཁྱིམ་ཚུ་ནང་སྡོད་ནི་ལུ་ འོས་འབབ་ཡོདཔ་ད་ བགོ་བཀྲམ་དེ་ཡང་ ཧེ་མ་ག་ལྷོད་མི་དང་འཁྲིལ་ འབད་ནི་ཨིན་པས།
གལ་སྲིད་ ཞུ་ཡིག་བཙུགས་མི་དང་ ཞུ་ཡིག་བཙུགས་མིའི་གཉེན་གྲོགས་ གང་རུང་ལུ་ ཞུ་ཡིག་བཙུགས་སའི་ས་ཁོངས་ནང་ ཁོང་རའི་ སྒེར་ཁྱིམ་ཡོད་པ་ཅིན་ གཞུང་གི་ཁྱིམ་འཐོབ་ནི་ལུ་ འོས་འབབ་མེདཔ་ཨིན་པས།
ག་དེམ་ཅིག་སྦེ་ ཁྱིམ་ཚུ་ བགོ་བཀྲམ་འབད་ཚར་བའི་ཤུལ་ལུ་ གཉེན་སྦྱོར་ལུ་བརྟེན་ གཞུང་གི་ཁྱིམ་ནང་སྡོད་མི་༢ བཟའ་ཚང་བསྡོམས་པ་ཅིན་ ཁྱིམ་༢ ལས་༡ ལོག་གཞུང་ལུ་ རྩིས་སྤྲོད་འབད་དགོཔ་ཨིན་པས།
ག་དེམ་ཅིག་སྦེ་ གཞུང་ཁྱིམ་ནང་སྡོད་མི་དེ་ ཤེས་ཡོན་གྱི་དོན་ལུ་ ངལ་གསོ་ནང་འགྱོ་བའི་སྐབས་ རང་སོའི་དབང་འཛིན་གྱི་ གནང་བ་སྤྲོད་མི་ ངལ་གསོའི་དུས་ཡུན་ མ་ཚང་ཚུན་ ཁྱིམ་དེ་ ཁོ་རའི་དོན་ལུ་ར་ བཞག་ཆོག་ནི་ཨིན་རུང་ ག་དེམ་ཅིག་སྦེ་ ཡུན་རིང་གི་ ངལ་གསོ་ཞུ་སྟེ་ སྡོད་དགོཔ་འཐོན་པ་ཅིན་ ཟླ་ངོ་༣ ལས་ལྷགཔ་ད་ ཁྱིམ་དེ་ ལས་འཛིན་ལུ་ ལོག་རྩིས་སྤྲོད་ འབད་དགོཔ་ཨིན་པས།
རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ ཨོ་རྒྱན་ཚེ་དབང་གིས་ སླབ་མིའི་ནང་ ཁྱིམ་བཟོ་ཁྲིམས་ལུགས་ བསྐྱར་ཞིབ་མ་འབད་བར་ ལོ་ངོ་ལེ་ཤ་ལང་ཡོདཔ་ད་ ད་རེས་ ཁྲིམས་ལུགས་གཞན་ཡང་ ལེ་ཤ་ཅིག་ར་ ཐོན་ཡོདཔ་བཞིན་དུ་ དེ་ཚུ་དང་ དུས་མཐུན་དང་ གཅིག་སྒྲིལ་བཟོ་དགོཔ་ ཁག་ཆེ་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཨོ་རྒྱན་ཚེ་དབང་གིས་ སླབ་མིའི་ནང་ ཁྲིམས་ལུགས་དེ་ ཟླ་༤ དེ་ཅིག་གི་ནང་འཁོད་ལུ་ མཐའ་བཅད་བཟོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ད་ལྟོ་ཚུན་ རྒྱལ་ཁབ་ནང་ ཁང་ཚན་བསྡོམས་༢,༠༠༠ ཡོད་ས་ལས་༡༠༠༠ ཐིམ་ཕུ་ལུ་ ཡོདཔ་ཨིན་པས།
དེ་ལས་ བསམ་གྲུབ་ལྗོངས་མཁར་དང་ ཕུན་ཚོགས་གླིང་ལུ་ ཁང་ཚན་༢༤ རེ་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ད་ འཕྲལ་མགྱོགས་ར་ མགར་ས་ལུ་ཡང་ ཁང་ཚན་༢༠ དང་ ལྷུན་རྩེ་ལུ་ ཁང་ཚན་༢༤ བཟོ་སྐྲུན་འབད་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment