གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་འདུས་ཀྱི་ བཙག་འཐུ་འགོ་དཔོན་ཚུ་ ཚོགས་རྒྱན་ ས་ཁོངས་ཚུ་ནང་ འགྱོ་ནི་འགོ་བཙུགས་ཡོདཔ།

༢༩/༥/༢༠༡༣   ༉ དམངས་གཙོའི་གཞུང་གི་བཙག་འཐུ་ ཐེངས་༢ པ་ འགོ་འདྲེན་འཐབ་ནི་དེ་ ཉིནམ་༢ ལས་བརྒལ་མེད་ནི་དེ་གིས་ ཁ་ཙ་ལས་ དབང་འདུས་ཕོ་བྲང་གི་ མཐའ་ཟུར་ས་གནས་ཚུ་ནང་ བཙག་འཐུ་འགོ་དཔོན་དང་ སྲུང་སྐྱོབ་དམག་མི་ཚུ་ རང་སོའི་ས་ཁོངས་ཚུ་ནང་ འགྱོ་ནི་འགོ་བཙུགས་ཡི།

བཙག་འཐུ་འགོ་དཔོན་དང་ སྲུང་སྐྱོབ་དམག་མི་ཚུ་ ཚོགས་རྒྱན་ས་ཁོངས་ཚུ་ནང་ འགྱོ་ནིའི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་།

དབང་འདུས་ཕོ་བྲང་རྫོང་ཁག་ནང་ རྒེད་འོག་༡༥ ཡོད་ས་ལས་ ཁ་ཙ་ དར་དཀར་དང་ ཨ་ཐང་ དགའ་སེང་ཚོ་འོགམ་ རུས་སྦིས་ས་ སྒང་སྟེང་ ཕོབ་སྦྱིས་ཁ་ དེ་ལས་ དྭངས་ཆུ་རྒེད་འོག་ཚུ་གི་ མཐའ་ཟུར་གཡུས་ཚན་ཚུ་ནང་ ཚོགས་རྒྱན་འགོ་དཔོན་དང་ སྲུང་རྒྱབ་ཚུ་རྩིས་ཏེ་ མི་༥༠ ལྷགཔ་ཅིག་ སོང་ཡོདཔ་ད་ གཞན་མི་རྒེད་འོག་ཚུ་གི་དོན་ལུ་ ད་རིས་དང་ ནངས་པ་གི་བར་ན་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ཚུ་ནང་ ལྷོད་ནི་ཨིན་པས།
ཁ་ཙ་ འགྱོ་མི་ཚུ་ འཁོར་ལམ་ལས་ རྐང་ཐང་སྦེ་ དུས་ཡུན་ཆུ་ཚོད་༦ དང་༧ གྱི་བར་ན་ འགྱོ་དགོ་པའི་ས་ཁོངས་དེ་ཡང་ དར་དཀར་རྒེད་འོག་ སྟག་ཤར་གཡུས་ཚུན་བཟུམ་ཅིག་གི་ ས་གནས་ཚུ་ནང་འགྱོ་མི་ཚུ་ཨིནམ་ད་ ཧེ་མ་ལས་འགྱོ་ནི་ འགོ་མ་བཙུགས་པ་ཅིན་ དུས་ཚོད་ཁར་ ལྷོད་མ་ཚུགས་པའི་དཀའ་ངལ་འཐོན་འོང་ཟེར་ ངོས་ལེན་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
རྫོང་ཁག་དེ་ནང་ གསང་བའི་ཚོགས་རྒྱན་བཙུགས་སའི་ ས་ཁོངས་༤༧ ཡོད་ས་ལུ་ ཚོགས་རྒྱན་འཕྲུལ་ཆས་༩༤ དང་བཙག་འཐུ་འགོ་དཔོན་༢༨༡ དེ་ལས་ བསྟན་སྲུང་དམག་མི་༡༥༠ དེ་ཅིག་ བགོ་བཀྲམ་འབད་ནི་ཨིན་པས།
རྫོང་ཁག་གི་ རྒེད་འོག་༡༥ འི་དོན་ལུ་ འདེམས་ཁོངས་༢ ལུ་ ཁག་དབྱེ་མི་ལས་ ཨ་ཐང་དང་ ཐད་ཚོ་འདེམས་ཁོངས་ཀྱི་དོན་ལུ་ རྒེད་འོག་༨ དང་ ཁྲོམ་སྡེ་༡ ཡོདཔ་ད་ དེ་ལས་ ཉི་ཤོ་དང་ སྲས་ཕུག་འདེམས་ཁོངས་ནང་ རྒེད་འོག་༧ ཡོདཔ་ཨིན་པས།
རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ གསང་བའི་ཚོགས་རྒྱན་ནང་ བཅའ་མར་གཏོགས་ཆོག་མི་༡༩,༠༠༠ དེ་ཅིག་ ཡོད་ས་ལས་ ཁ་ཙ་ཚུན་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༡,༤༥༣ གྱིས་ཚོགས་རྒྱན་བཏང་ཡོདཔ་ཨིན་པས།
སྲིད་དོན་ཚོགས་པ་ཚུ་གི་ བསྐུལ་བསྒྲགས་ལས་རིམ་དེ་ ད་རིས་ དྲོ་པའི་ཆུ་ཚོད་༩ ཚུན་ཨིནམ་ད་ ཚོགས་པ་༤ གི་འདེམས་ངོ་༨ ཀྱིས་ ད་ཚུན་གྱི་བར་ན་ གཡུས་སྒོའི་ཁྱིམ་ཚུ་གི་ སྒོ་བཤལ་ཏེ་ བསྐུལ་བསྒྲགས་འབད་ནི་ལུ་ ཤུགས་བཏོན་ཡོདཔ་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment