གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆེ་མཐོ་ཁྲིམས་འདུན་གྱིས་ཡང་ གསོ་བའི་འགོ་དཔོན་༤ ལུ་ ཉེས་པ་མེད་པའི་འཁྲུན་ཆོད།

༢༢/༥/༢༠༡༣   དེ་ཡང་ ནང་གསུག་དང་ ཡིག་ཚང་བྱ་སྤྱོད་ངན་པའི་ ཉེས་འཛུགས་འབད་མི་ཚུ་ ཐེ་ཚོམ་ལས་གྲོལ་བའི་ སྒྲུབ་བྱེད་མངོན་རྟགས་བྱུང་མ་ཚུགས་ནི་དེ་གིས་ཨིན་པས།
༉ ཆེ་མཐོ་ཁྲིམས་འདུན་གྱིས་ དུས་ཡུན་ཟླ་ངོ་༦ དེ་ཅིག་གི་རིང་ རྩོད་བཤེར་དང་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསྐྱར་ཞིབ་མཐིལ་ཕྱིན་མཛད་དེ་ སྤྱི་ལོ་༢༠༠༩ ལུ་ ཇར་མ་ནི་དང་ རྒྱ་ནག་ལུ་ གཞུང་འབྲེལ་ལྟ་སྐོར་ལུ་སོང་མི་ གསོ་བའི་འགོ་དཔོན་༤ ལུ་ ཉེས་མེད་ཉེས་གྲོལ་གྱི་ འཁྲུན་ཆོད་གནང་ནུག།


དེ་ཡང་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༣༠ ལུ་ ཐིམ་ཕུ་རྫོང་ཁག་གིས་གནང་མི་ འཁྲུན་ཆོད་དེ་ དྲང་བདེན་དང་ ཁྲིམས་མཐུན་ཐོག་ལས་ གནང་ནི་དེ་གིས་ བསྒྱུར་བཅོས་འབད་དགོཔ་ ག་ནི་ཡང་ མ་ཐོནམ་ལས་ ཆ་གནས་ཧྲིལ་པོར་མཛད་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མཐོ་གཏུགས་ཕུལ་བའི་ བཤེར་ཡིག་དེ་ ཆ་མེད་བཏངམ་ཨིན་ཟེར་ ཁ་ཙ་གནང་མི་ ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་ནང་བཀོད་ནུག།
ན་ཧིང་ སྤྱི་ཟླ་༥ པའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རུས་ཚིགས་གཤག་བཅོས་དྲུང་འཚོ་ ཚེ་དབང་འཕྲིན་ལས་དང་ སོ་དང་ཟ་ལྟབ་གསོ་བཅོས་དྲུང་འཚོ་ བསམ་གྲུབ་ཨར་དབང་ཕྱུག་ སྨན་རིགས་དང་ སྨན་ཁབ་ མཁོ་ཆས་སྡེ་ཚན་གྱི་ མཁོ་སྒྲུབ་གཙོ་འཛིན་འགོ་དཔོན་བགྲེསཔ་ ངག་དབང་རྡོ་རྗེ་ དེ་ལས་ གསོ་བའི་ལྷན་ཁག་གི་ བདག་སྐྱོང་གཙོ་འཛིན་འགོ་དཔོན་བགྲེསཔ་ གནག་མདོག་འབྲུག་པ་༤ ལུ་ སྦྱིན་བདག་ཐོག་ འགོ་འདྲེན་འཐབ་མི་ ལྟ་སྐོར་དང་འབྲེལ་བའི་ ནང་གསུག་དང་ ཡིག་ཚང་བྱ་སྤྱོད་ངན་པའི་ ཉེས་འཛུགས་ཐོག་ རྩོད་བཤེར་འབད་བའི་ཤུལ་ལུ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱིས་ ཉེས་གྲོལ་བཏང་ཡོདཔ་ཨིན་པས།
དེ་འབདཝ་ད་ རྩོད་ཟླ་ཚུ་གིས་ ནང་གསུག་ལེན་ཡོད་རུང་ ཉེས་ཁྲིམས་མ་བཀལ་བའི་ཁར་ གཞུང་ལུ་ དངུལ་ཀྲམ་ས་ཡ་༡.༢༧༨ སོར་ཆུད་མ་འབད་མི་ལུ་བརྟེན་ ཁེ་རྒུད་མ་བཏུབ་པར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ བཐོ་གཏུགས་འབད་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ རྒྱ་གར་ཀཱོལ་ཀ་ཊ་ལུ་ཡོད་མི་ གསོ་བའི་མཁོ་ཆས་བཀྲམ་སྤེལ་བ་ བི་ཀཱསི་ཚོང་སྡེ་དང་ དེ་གི་ ཚོང་འབྲེལ་མཉམ་འབྲེལ་པ་ ཀེ་ཨེལ་ཨེསི་ མར་ཊིན་གུ་རུབ་ཚོང་སྡེ་༢ ཀྱིས་ ཁོང་གིས་ བཀྲམ་སྤེལ་འབད་མི་ གསོ་བའི་མཁོ་ཆས་ཚུ་ ལྟ་སྐོར་འབད་བར་ འོང་འདོད་ཡོད་པ་ཅིན་ ཤོག་ཟེར་བའི་ མགྲོན་བརྡ་ཡི་གུ་ སྤྱི་ལོ་༢༠༠༩ ཟླཝ་༥ པའི་ཚེས་༡༤ ལུ་ གསོ་བའི་ལྷན་ཁག་ལུ་ བཏང་ཡོདཔ་བཞིན་དུ་ མགྲོན་བརྡའི་ཡི་གུ་ནང་ ལྟ་སྐོར་དང་འབྲེལ་བའི་ ཟད་འགྲོ་ཚུ་ག་ར་ མགྲོན་བརྡ་འབད་མི་ ཚོང་སྡེ་གིས་ གཏང་ནི་ཨིན་པའི་ ཁས་བླངས་འབད་ནུག་ཟེར་ཨིན་པས།
མགྲོན་བརྡའི་ཡི་གུ་དང་འཁྲིལ་ གསོ་བའི་ལྷན་ཁག་གི་ མི་སྟོབས་ཚོགས་ཆུང་གིས་ བདག་སྐྱོང་དང་འབྲེལ་བའི་ ལམ་ལུགས་དང་འཁྲིལ་ གསོ་བའི་མཁོ་ཆས་ལྟ་ཞིབ་འབད་བར་ བཏང་ཡོདཔ་ཨིན་པས།
ལྟ་སྐོར་གྱི་སྐབས་ལུ་ ཚོང་སྡེ་དེ་གཉིས་ཀྱིས་ གསོ་བའི་འགོ་དཔོན་རེ་ལུ་ ཇར་མ་ནི་ལུ་འགྱོཝ་ད་ ཡུ་རོ་༡,༥༠༠ དང་ དངུལ་ཀྲམ་༩༣,༣༢༣ རེ་དང་ རྒྱ་ནག་ལུ་འགྱོ་བའི་སྐབས་ ཌོ་ལར་༡,༥༠༠ རེ་དང་ དངུལ་ཀྲམ་༧༣,༥༧༤ རེ་སྤྲོད་ཡོདཔ་ ངེས་བདེན་ཨིན་རུང་ ལྟ་སྐོར་ལུ་ འགོ་དཔོན་༤ གིས་ ཐག་རང་བཅད་ཐོག་མེན་པར་ གསོ་བའི་ལྷན་ཁག་གིས་ གནང་བ་གྲུབ་མི་དང་འཁྲིལ་ སོང་ཡོདཔ་མ་གཏོགས་ གཞུང་ལུ་ སྐུ་གྱོང་ག་ནི་ཡང་ མ་ཕོག་པས་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
དེ་མ་ཚད་ ལྟ་སྐོར་འབད་བའི་རྗེས་སུ་ གསོ་བའི་མཁོ་ཆས་ཚུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ ཁས་ལེན་གནས་གོང་ རིན་བསྡུར་འབདཝ་ད་ གོང་ཚད་ཉུང་ཤོས་བཀོད་མི་ ནོར་རྒྱས་མེ་ཌི་ཀཱལ་ཨིན་རུང་ བི་ཀཱསི་མེ་ཌི་ཀཱལ་གྱི་མཉམ་རོགས་ཅིག་ཨིན་མི་ དེབ་བཱ་ས་ལུ་ བྱིན་ནི་གི་ དཔའ་བཅམ་ཡོདཔ་ལས་ གསུག་འབུལ་དང་ ཡིག་ཚང་བྱ་སྤྱོད་ངན་པའི་ གནོད་འགེལ་འཐབ་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
དེ་འབདཝ་ད་ ཁྲིམས་འདུན་གྱིས་ དབྱེ་བཤེར་མཛདཔ་ད་ རྩོད་ཟླ་ཚུ་གིས་ རང་སོའི་འགན་འཁྲི་དང་འཁྲིལ་མ་གཏོགས་ མི་ངོ་རེ་གཉིས་ཀྱི་ ཁས་ལེན་གནས་གོང་བཙག་འཐུ་དང་ རིན་བསྡུར་ཐག་བཅད་གྲུབ་ཐབས་མེད་པའི་ ངོས་འཛིན་བྱུང་མི་ལུ་བརྟེན་ ཁོང་༤ ལུ་ ཉེས་ཁྲིམས་བཀལ་ཐབས་མ་བྱུངམ་ལས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་དེ་ རང་འཇགས་སྦེ་ གཞི་འཛིན་འབད་ཡི་ཟེར་ འཁྲུན་ཆོད་ནང་ བཀོད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment