གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ན་རང་སྨན་ཁང་འབྲིང་མ་རྐྱབ་མི་ ཁག་འབགཔ་གིས་ མཐོ་གཏུགས་འབད་ཡོདཔ།

༢༨/༥/༢༠༡༣   སྨན་ཁང་འབྲིང་མ་རྩ་བ་ལས་ རམ་སོ་པའི་ཤུལ་ལུ་ ལོག་བཟོ་སྐྲུན་འབད་མི་དེ་ ཤུལ་མའི་ཟླཝ་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
༉ སྡེ་ཚན་ག་པའི་ཁག་འབགཔ་ སྐྱེས་ལོ་༣༦ ལང་མི་ཅིག་གིས་ མོང་སྒར་རྫོང་ཁག་ ན་རང་སྨན་ཁང་འབྲིང་མ་བཟོ་སྐྲུན་དང་འབྲེལ་བའི་ ཐོག་མའི་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནུག།
ད་ལྟོ་ བརྒྱ་ཆ་༩༠ དེ་ཅིག་བསྒྲུབས་མི་ ན་རང་སྨན་ཁང་གསརཔ།


དེ་འབདཝ་ད་ མཐོ་གཏུགས་པ་ སྤ་རོ་ལས་ ཡུ་དབང་ཕྱུག་བཟོ་སྐྲུན་ལས་སྡེའི་ཇོ་བདག་ ཨྱོན་དབང་ཕྱུག་གིས་ མཐོ་གཏུགས་འབད་དགོ་པའི་ གནད་དོན་ག་ཅི་ཨིན་ན་ ད་ལྟོ་ ཆེ་མཐོ་ཁྲིམས་འདུན་ལུ་ མ་ཕུལ་བར་ཡོདཔ་ཨིན་པས།
ཨྱོན་དབང་ཕྱུག་གིས་ མགུ་སྐོར་དང་ གཡོ་སྒྱུ་ ངན་ལྷད་ལག་ལེན་འཐབ་སྟེ་ བཟོ་སྐྲུན་གྱི་ སྤུས་ཚད་ལུ་ ཐོ་ཕོག་ནི་དེ་གིས་ སྤྱི་ལོ་༢༠༠༩ ཟླཝ་༩ པའི་ཚེས་༢༡ ལུ་ ས་ཡོམ་གྱིས་ ན་རང་སྨན་ཁང་འབྲིང་མ་སྡེ་རིམ་༢ པ་དེ་ རྩ་བ་ལས་ རམ་ཡོདཔ་ད་ ཁོ་ལུ་ རྫོང་ཁག་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་༢ བཀལ་ཡོད་རུང་ ཁྲིམས་འཐུས་བཏབ་ཆོག་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ནུག།
དེ་མ་ཚད་ བཟོ་སྐྲུན་གྱི་རྒྱུ་ཆས་ བྱང་ཉེས་ལག་ལེན་འཐབ་མི་ལུ་བརྟེན་ ན་རང་སྨན་ཁང་མེདཔ་བཏང་དཔ་ལས་ གཞུང་ལུ་ སྐུ་གྱོང་དངུལ་ཀྲམ་ས་ཡ་༦.༩༧༩ ཕོག་མི་དེ་ འཁྲུན་ཆོད་བཏོན་པའི་ ཉིནམ་ལས་འགོ་བཟུང་ ཞག་གྲངས་༡༠ ནང་འཁོད་ལུ་ གཞུང་གི་རྩིས་ཁྲ་ནང་ ལོག་བཙུགས་དགོཔ་ཨིན་པས།
དེ་མ་ཚད་ ཨྱོན་དབང་ཕྱུག་གིས་ ན་རང་སྨང་ཁང་རྐྱབ་ནི་གི་ ཁག་འབག་ཐོབ་ཐབས་ལུ་ ཡིག་ཆ་རྫུས་མ་ལེ་ཤ་ བཙུགས་ཡོདཔ་མ་ཚད་ འོས་འབབ་མེད་པའི་ བཟོ་སྐྲུན་ལཱ་ཐོབ་པའི་ཤུལ་ལུ་ ཁག་འབག་གི་ གན་ཡིག་ནང་ གསལ་བཀོད་འབད་མི་ བཟོ་བཀོད་དང་མ་འཁྲིལ་བར་ ལཱ་འབད་མི་ལུ་བརྟེན་ ཡུ་དབང་ཕྱུག་བཟོ་སྐྲུན་ལས་སྡེའི་ ཆོག་ཐམ་དེ་ཡང་ ཁྲིམས་འདུན་གྱིས་ ཆ་མེད་བཏང་ནུག།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ཁག་འབགཔ་ལུ་ ཁེ་རྒུད་མ་བཏུབ་པའི་ གནད་དོན་ཅིག་ སྨན་ཁང་བཟོ་སྐྲུན་ འབད་ཚར་བའི་ཤུལ་ལས་ རྫོང་ཁག་རིན་བསྡུར་ཚོགས་ཆུང་ལུ་ རྩིས་སྤྲོདཔ་ལས་ ཁོ་གིས་ ཁག་འབག་གི་ ལམ་ལུགས་ཚུ་ལས་ འགལ་འགལཝ་མེད་རུང་ ཁོ་གི་ ཁག་འབག་ཆོག་ཐམ་ ཆ་མེད་བཏང་ནི་དེ་གིས་ ཁེ་རྒུད་མ་བཏུབ་ཟེར་ཨིན་པས།
སྤྱི་ལོ་༢༠༠༩ གི་ ས་ཡོམ་གྱིས་ སྨན་ཁང་མེདཔ་བཏང་སྟེ་ ཟླཝ་༡༡ གི་ཤུལ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་རྐྱབ་སྟེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་བཤེར་འབད་ཡོདཔ་བཞིན་དུ་ རྩོད་ཟླ་ཨྱོན་དབང་ཕྱུག་ལུ་ ཉེས་འཛུགས་ཁག་༡༢ བཀལ་ཡོད་མི་དེ་ཡང་ ཡིག་ཆ་རྫུས་བཟོའི་ ཉེས་འཛུགས་ཁག་༥ དང་ མགུ་སྐོར་གྱི་ཉེས་འཛུགས་ཁག་༥ ལོག་འདྲེན་དང་ གསུག་འབུལ་གྱི་ ཉེས་འཛུགས་རེ་བཀལ་ནུག།
སྤྱི་ལོ་༢༠༠༦-༢༠༠༧ ལུ་རྐྱབ་མི་ ན་རང་སྨང་ཁང་འབྲིང་མ་དང་ ལས་བྱེད་པའི་ཁང་ཚན་༣ ཐབ་ཚང་དང་ གསང་སྤྱོད་ཚུ་ ས་ཡོམ་གྱིས་ རྩ་བ་ལས་ མེདཔ་བཏང་ཡོདཔ་ད་ མ་གཞི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྨན་ཁང་རམ་སོང་པའི་ཤུལ་ལས་ ཞིབ་དཔྱད་རྐྱབ་ནི་གི་ དམིགས་འཆར་མེད་རུང་ མོང་སྒར་ཟིམ་བཟོ་རོང་དང་ སྐྱེངས་མཁར་གྱི་ ཞིང་ལམ་བཟོ་སྐྲུན་ནང་ ངན་ལྷད་ཞུགས་མི་ལུ་ ཞིབ་དཔྱད་རྐྱབ་པའི་སྐབས་ ཞིང་ལམ་སེལ་མི་ ཀེ་སི་བཟོ་སྐྲུན་ལས་སྡེའི་ ས་ཁོངས་འཕྲུལ་རིག་འགོ་དཔོན་ ཚེ་རིང་ནོར་བུ་དེ་ཡང་ ཡུ་དབང་ཕྱུག་བཟོ་སྐྲུན་ལས་སྡེ་གི་ཨིན་པའི་ ངོས་འཛིན་བྱུང་ནུག།
ས་ཁོངས་འཕྲུལ་རིག་འགོ་དཔོན་དེ་ གསུག་འབུལ་དང་ ཡིག་ཆ་རྫུས་བཟོ་ལ་སོགས་པའི་ ངན་ལྷད་ཚུ་ནང་ འབྲེལ་གཏོགས་ཡོད་པའི་ ངོས་འཛིན་བྱུང་མི་དང་འཁྲིལ་ ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༠ ཟླཝ་༨ པའི་ཚེས་༢ ལས་ ན་རང་སྨན་ཁང་འབྲིང་མའི་ བཟོ་སྐྲུན་གྱི་ སྤུས་ཚད་དང་ ཁག་འབག་གི་ ལཱ་སྤྲོད་ཐངས་ཚུ་ལུ་ ཞིབ་དཔྱད་འབད་ནི་ འགོ་བཙུགསཔ་ད་ ན་རང་སྨན་ཁང་རྐྱབ་ནི་གི་ རིན་བསྡུར་འབད་མི་ལས་འགོ་བཙུགས་ ལཱ་མཇུག་མ་བསྡུ་ཚུན་ཚོད་ མགུ་སྐོར་དང་ གཡོ་སྒྱུ་ལག་ལེན་ཚུ་ ཁྱབ་ཆེ་དྲགས་ཡོད་པའི་ མངོན་རྟགས་བྱུང་ནུག།
ཁག་འབགཔ་དེ་གིས་ སྨན་ཁང་བཟོ་སྐྲུན་འབདཝ་ད་ བཟོ་བཀོད་དང་འཁྲིལ་བའི་ ལྕགས་དུམ་དང་ བཤེད་གདུང་ཚུ་ མ་བཙུགས་པའི་ཁར་ གཙང་ཆུའི་བྱེམ་དེ་ གྱང་རྩིག་གུ་ རྩི་ས་དང་སླ་བསྲེས་རྐྱབ་སྟེ་ དབུར་ནིའི་དོན་ལུ་རྐྱངམ་གཅིག་ ལག་ལེན་འཐབ་ཡོདཔ་མ་ཚད་ རྩིག་པའི་གྱང་གུ་ ལག་ལེན་འཐབ་མི་ རྩིས་འདམ་གྱི་བྱེམ་ཚུ་ རི་ཁའི་བྱེམ་སྤུས་ཚད་བྱང་ཉེས་ཚུ་ ལག་ལེན་འཐབ་ཡོདཔ་ཨིན་པས།
ད་རུང་ སྤྱིར་བཏང་བཟོ་སྐྲུན་ནང་  རྩི་ས་དང་ བྱེམ་གྱི་ཚད་གཞི་དེ་ རྩི་ས་ཕད་ཙེ་གང་ལུ་ བྱེམ་ཕད་ཙེ་༤ བླུག་དགོཔ་ཨིན་རུང་ ཁག་འབགཔ་དེ་གིས་ བྱེམ་ཕད་ཙེ་༦ དང་༨ ཀྱི་བར་ན་ བླུགས་ཡོདཔ་མ་ཚད་ ཤིང་ཆས་ཚུ་སྐམ་མིན་པར་ ཉེ་འདབས་ཀྱི་ ནགས་ཚལ་ནང་ལས་ ཤིང་ཆས་རློནམ་བཏོན་ཏེ་ བཙུགས་ཡོདཔ་ཨིན་རུང་ རྩིས་ཐོའི་ཏི་རུ་ལེན་པའི་སྐབས་ ཤིང་དྲ་ཁང་ནང་ལས་ ཉོ་ཡོདཔ་སྦེ་ རྩིས་བཱིལ་བཙུགས་ཐོག་ལས་ ཐོབ་བརྗོད་བཀོད་ཡོདཔ་ཨིན་པས།
དེ་མ་ཚད་ བཟོ་སྐྲུན་གྱི་ ཁྱད་རིག་དང་འབྲེལ་བའི་ བཟོ་བཀོད་ལྟ་རྟོག་འབད་ནིའི་དོན་ལུ་ རྫོང་ཁག་བདག་སྐྱོང་གིས་ ས་ཁོངས་འཕྲུལ་རིག་པ་སྦེ་ ཚེ་རིང་ནོར་བུ་ བསྐོ་བཞག་འབད་ཡོད་པའི་ཁར་ སྤུས་ཚད་དང་ རིན་བསྡུར་འགོ་བཙུགས་པའི་ཉིནམ་ལས་ ལཱ་མཇུག་མ་བསྡུ་རིང་ལུ་ ས་ཁོངས་འཕྲུལ་རིག་འགོ་དཔོན་ལུ་ གསུག་འབུལ་དངུལ་ཀྲམ་༥༠,༠༠༠ སྤྲོད་དེ་ ཉེས་ལས་ནང་ རྒྱུད་བསྐུལ་འབད་ནུག་ཟེར་ འཁྲུན་ཆོད་ནང་ བཀོད་ཡོདཔ་མ་ཚད་ ཁག་འབགཔ་ཨྱོན་དབང་ཕྱུག་དང་ ཚེ་རིང་ནོར་བུ་༢ མགུ་མཐུད་དེ་ བཀོད་རིས་དང་མ་འཁྲིལ་བའི་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༦ གི་སྔ་ཆ་ལུ་ ན་རང་སྨན་ཁང་བཟོ་སྐྲུན་གྱི་དོན་ལུ་ རིན་བསྡུར་འབདཝ་ད་ ཁག་འབགཔ་༥ གིས་ བཅའ་མར་གཏོགས་ཡོདཔ་ད་ བཀྲིས་སྒང་ལུ་ཡོད་མི་ རི་རབ་བཟོ་སྐྲུན་གྱིས་ གོང་ཚད་དམའ་ཤོས་ དངུལ་ཀྲམ་ས་ཡ་༤.༣༦༥ བཀོད་ཡོདཔ་ལས་ ཁག་འབག་གི་ ལཱ་ཐོབ་ཡོད་རུང་ བཟོ་སྐྲུན་གྱི་ ལཱ་གཞན་ཡོད་པའི་ཁར་ མ་དངུལ་གྱི་ དཀའ་ངལ་ཡོད་མི་ལུ་བརྟེན་ རྒྱབ་བཤུད་རྐྱབ་མི་ལུ་བརྟེན་ གོང་ཚད་དམའ་ཤོས་༢ པའི་ནང་ དངུལ་ཀྲམ་ས་ཡ་༥.༤༨༣ བཀོད་མི་ ཡུ་དབང་ཕྱུག་བཟོ་སྐྲུན་ལུ་ སྤྲོད་ཡོདཔ་ཨིན་པས།
བཟོ་སྐྲུད་འབད་བའི་སྐབས་ལུ་ གྱང་རྩིག་རྐྱབ་ནི་གི་ ལཱ་ཐེབས་དེ་ཡང་ ཁག་འབགཔ་དེ་ལུ་ སྤྲོད་ཡོདཔ་མ་ཚད་ ལཱ་མཇུག་བསྡུའི་ དུས་ཡུན་ཡང་ ཟླཝ་༡༨ ལས་༢༠ ལུ་ ཡར་སེང་རྐྱབ་བྱིན་ཡོདཔ་ད་ བཟོ་སྐྲུན་གྱི་ ལཱ་ཡོངས་རྫོགས་ སྤྱི་ལོ་༢༠༠༧ ཟླཝ་༡༠ པའི་ཚེས་༢༠ ལུ་ མཇུག་བསྡུ་བའི་སྐབས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༦.༩༧༩ ལྷགཔ་ཅིག་ གནས་ཡོདཔ་བཞིན་དུ་ ཁག་འབགཔ་དེ་གིས་ ཁག་འབག་གི་གནས་གོང་ དངུལ་ཀྲམ་ས་ཡ་༥.༧༡༦ གུ་ མ་དངུལ་ཐེབས་ དངུལ་ཀྲམ་ས་ཡ་༡.༢༦༣ ལྷགཔ་ཅིག་ ཐོབ་བརྗོད་བཀོད་ནུག།
དེ་ལས་ ན་རང་སྨན་ཁང་ལོག་བཟོ་སྐྲུན་འབད་བའི་བསྒང་ཡོད་མི་དེ་ ཤུལ་མའི་ཟླཝ་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ ས་ཁོངས་བཟོ་རིག་འགོ་དཔོན་ བཀྲིས་ཆོས་བཟང་གིས་ བཤད་པའི་ཁར་ ད་ལྟོ་ བཟོ་སྐྲུན་གྱི་ ལཱ་བརྒྱ་ཆ་༩༠ དེ་ཅིག་ མཇུག་བསྡུ་ཚར་ཡི་ཟེར་ སླབ་ཨིན་པའི་པའི་གནས་ཚུལ།

མོང་སྒར་ལས་ རིག་འཛིན་དབང་ཕྱུག།

No comments:

Post a Comment