གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལུང་ནག་ནང་ལུ་ འགོ་ཐོག་བཙག་འཐུ་ འགོ་འདྲེན་འཐབ་མི་ སྡེ་ཚན་ཅིག་སོང་ཡོདཔ།

༢༣/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ མགར་ས་རྫོང་ཁག་གི་ མཐའ་ཟུར་རྒེད་འོག་ ལུང་ནག་ནང་ལུ་ འགོ་ཐོག་བཙག་འཐུ་ འགོ་འདྲེན་འཐབ་ནིའི་དོན་ལུ་ མི་གྲངས་༡༧ འབད་མི་སྡེ་ཚན་ཅིག་ རྒེད་འོག་ནང་འགྱོ་བའི་བསྒང་ཡོད་མི་དེ་ ད་རིས་ གངས་མཇུག་ལ་བརྒལ་ནི་ཨིནམ་ད་ ལ་དེ་ རྒྱ་མཚོའི་གནས་ཚད་ལས་ མཐོ་ཚད་མི་ཊར་༤,༩༠༠ གི་ས་ཁར་ ཆགས་ཡོདཔ་ཨིན་པས།
ལུང་ནག་ནང་ལུ་ འགོ་ཐོག་བཙག་འཐུ་ འགོ་འདྲེན་འཐབ་མི་ཚུ་ རྐང་ཐང་འགྱོ་བའི་བསྒང་།


སྡེ་ཚན་དེ་ནང་ ངོས་ལེན་འགོ་དཔོན་༡ དང་ ཚོགས་རྒྱན་འགོ་དཔོན་༣ སྲུང་རྒྱབ་༡༢ དེ་ལས་ གསོ་བའི་ཌོག་ཊར་༡ ཡོདཔ་ད་ ཁོང་ཆ་ཁྱབ་ སྤྱི་ཟླ་༥ པའི་ཚེས་༢༠ ལུ་ སྤུ་ན་ཁ་དགོན་ཤར་རི་ལས་ འགྱོ་ནི་འགོ་བཙུགས་མི་དེ་གིས་ ཁ་ཙ་ ར་ཀ་གཤོང་ལུ་ ལྷོད་ཡོདཔ་ད་ ས་གནས་དེ་ནང་ ལྷོད་ནིའི་དོན་ལུ་ ཉིན་ལམ་༣ འགོར་དོ་ཡོདཔ་ཨིན་པས།
རྫོང་ཁག་བཙག་འཐུའི་ ཐོ་བཀོད་འགོ་དཔོན་ རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ ཉིནམ་༢ པའི་ནང་ བྱ་གཟིག་ཕུག་ལུ་ ལྷོད་ཅི་ཟེར་ཨིན་པས།
སེ་ཊི་ལ་ཡེཊི་འཕྲུལ་སྐར་བརྒྱུད་འཕྲིན་ཐོག་ ས་གནས་དེ་ཁར་ ལྷོད་པའི་སྐོར་ལས་ སྙན་ཞུ་ལྷོད་ཡོདཔ་ཨིན་རུང་ ཁ་ཙ་ སྙུན་ཞུ་མ་ལྷོད་མི་དེ་ཡང་ འཕྲུལ་མེའི་ལྟོ་ བསྐྱར་གསོ་འབདཝ་ད་ ལུས་སོཔ་འོང་ཟེར་ཨིནམ་ད་ དེ་ཡང་ སེ་ཊི་ལ་ཡེཊི་བརྒྱུད་འཕྲིན་དེ་ འཕྲུལ་མེའི་ལྟོ་གི་ཐོག་ལས་ ལཱ་འབད་ནི་དེ་གིས་ གལ་སྲིད་ལམ་ཁར་ གློ་བུར་གྱི་དཀའ་ངལ་རེ་འཐོན་པ་ཅིན་ འཕྲུལ་མེ་ལྟོ་དེ་ ངེས་པར་དུ་དགོཔ་ཨིན་པས།
རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ ལམ་བདའ་སྟེ་ གློ་བུར་གྱི་ འཕྲོད་བསྟེན་དཀའ་ངལ་རེ་འབྱུང་པ་ཅིན་ གདོང་ལེན་འབད་མི་ ཌོག་ཊར་༡ ཡོདཔ་མ་ཚད་ གལ་སྲིད་ཁོ་གིས་ཡང་ འབད་མ་ཚུགས་པ་ཅིན་ དབང་འདུས་ཕོ་བྲང་ བསྟན་སྐྱོང་གླིང་དམག་སྡེ་ལས་ ཉེན་སྐྱོབ་སྡེ་ཚན་ཅིག་ཡང་ གྲ་སྒྲིག་འབད་དེ་ཡོད་ཟེར་ཨིན་པས།
སྡེ་ཚན་དེ་གིས་ ནངས་པ་ ཝ་བཅད་ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་ལྷོདཔ་ད་ སྡེ་ཚན་༣ དབྱེ་ཐོག་ལས་༡ གིས་ ཧད་དྷི་ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་འགྱོ་ནི་ཨིནམ་ད་ གཞན་མི་སྡེ་ཚན་དེ་གིས་ ཐང་བཟའ་ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་ འགྱོ་ནི་ཨིན་པས།
ཧད་དྷི་ལུ་ འགྱོ་མི་དེ་གིས་ སྤྱི་ཟླ་༥ པའི་ཚེས་༢༥ ལུ་ ལྷོད་ཚུགས་པའི་རེ་བ་ཡོདཔ་ད་ ཐང་བཟའ་ནང་ལུ་ འགྱོ་མི་དེ་གིས་ དེའི་ནངས་པར་ ལྷོད་ཚུགས་ནིའི་ འཆར་གཞི་ཡོདཔ་ཨིན་པས།
མགར་ས་ལས་འགྱོ་མི་ སྡེ་ཚན་དང་གཅིག་ཁར་ ལུང་ནག་ནང་ལུ་ཡོད་པའི་ སློབ་དཔོན་༦ དང་ རྒེད་འོག་བདག་སྐྱོང་འགོ་དཔོན་ རྒེད་དྲུང་ དེ་ལས་ གསོ་བའི་ལས་རོགསཔ་ཚུ་གིས་ བཙག་འཐུ་འགོ་འདྲེན་འཐབ་ནི་ཨིནམ་ད་ ཚོགས་རྒྱན་འཕྲུལ་ཆས་དེ་ སྤྱི་ཟླ་༦ པ་ནང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ གནམ་གྲུ་ནང་ སྐྱེལ་འདྲེན་འབད་ཡོད་མི་ཚུ་ ལག་ལེན་འཐབ་ནི་ཨིན་པས།
མ་གཞི་ ལུང་ནག་ནང་ལུ་ ཁྱད་ལྡན་གྱི་ཚོགས་རྒྱན་བཙུགས་མི་༤༨༠ དེ་ཅིག་ཡོད་མི་དེ་ རྫོང་ཁག་ནང་ རྒེད་འོག་༤ ཡོད་མི་ལས་ ཨང་༢ པ་ཨིན་རུང་ ད་རེས་ རྒེད་འོག་དེ་ ལམ་ཐག་རིང་ནི་དེ་གིས་ སྲིད་དོན་ཚོགས་པའི་འཐུས་མི་དང་ གཙོ་འཛིན་ག་གིས་ཡང་ སྤྱིར་བཏང་གྲོས་འཛོམས་དང་ ཚོགས་པའི་ངོ་སྤྲོད་ཀྱི་དོན་ལུ་ མ་འགྱོཝ་ཨིན་པས།
དགོན་ཁ་སྟོད་དང་ ལ་ཡ་འདེམས་ཁོངས་ཀྱི་འདེམས་ངོ་ དམ་ཆོས་རྡོ་རྗེ་གིས་ སླབ་མིའི་ནང་ ལུང་ནག་ནང་དེ་ ལམ་ཐག་རིང་ནི་དེ་གིས་ འགྱོ་མི་ཚུགས་ནི་མས་ཟེར་ཨིནམ་ད་ ཚོགས་པ་༣ གྱིས་ཡང་ འགྱོ་ནིའི་འཆར་གཞི་མེདཔ་ཨིན་པས།
ཨིན་རུང་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཚེ་རིང་དོན་གྲུབ་ཀྱིས་ ད་རེས་ བཙག་འཐུ་འགོ་དཔོན་ཚུ་དང་གཅིག་ཁར་ འགྱོ་མི་དེ་ གསང་བའི་ཚོགས་རྒྱན་བཙུགས་ནིའི་དོན་ལུ་ཨིནམ་ད་ དེ་ཡང་ ཁོ་ར་ ལུང་ནག་ནང་ལས་ འབད་ནི་དེ་གིས་ཨིན་པས།
རྫོང་ཁག་བཙག་འཐུའི་ འགོ་དཔོན་གཙོ་འཛིན་ རྫོང་བདག་བསོད་ནམས་འཇིགས་མེད་ཀྱིས་ སླབ་མིའི་ནང་ ཚོགས་པ་ཚུ་གིས་ རྒེད་འོག་ནང་མ་ལྷོད་རུང་ དེ་ཁའི་མི་ཚུ་གིས་ འགོ་ཐོག་བཙག་འཐུ་དང་ སྲིད་དོན་ཚོགས་པ་༢ ཡོད་པའི་སྐོར་ལས་ རྒེད་འོག་བདག་སྐྱོང་གིས་ གོ་བ་བརྡ་སྤྲོད་འབད་མི་དང་ མི་ཚུ་གིས་ རྒྱང་བསྒྲགས་རེ་ཌི་ཨོ་དང་ རྒྱང་མཐོང་ཊི་བི་ཐོག་ལས་ ཧ་གོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ལུང་ནག་ནང་ལུ་ སྤྱིར་བཏང་གྲོས་འཛོམས་ འགོ་འདྲེན་འཐབ་མ་ཚུགས་རུང་ དགོན་ཁ་སྟོད་དང་ ཁ་སྨད་ དེ་ལས་ ལ་ཡ་རྒེད་འོག་ཚུ་ནང་ སྤྱིར་བཏང་་གྲོས་འཛོམས་ འགོ་འདྲེན་འཐབ་ཚར་ཡོདཔ་ཨིན་པས།
མགར་ས་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༢,༠༠༠ དེ་ཅིག་ལས་ མེདཔ་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment