གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙག་འཐུ་འགྲུབ་པ་ཅིན་ གྲོགས་རམ་འཐོབ་མ་ཚུགས་པའི་ ཚ་གྱང་ལང་དགོཔ་མེདཔ།

༢༢/༥/༢༠༡༣   ༉ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་གྱིས་ ཁ་ཙ་ མོང་སྒར་རྫོང་ཁག་གི་ མི་སེར་ཚུ་དང་ཕྱད་པའི་སྐབས་ མོ་རའི་ ཚོགས་པའི་ཁས་བླངས་གསལ་བསྒྲགས་འབད་ནི་མེད་རུང་ འབྲུག་མཉམ་རུབ་ཚོགས་པ་གིས་ དམ་ཚིག་དཔང་བཙུགས་ཐོག་ལས་ རྩ་བ་གསུམ་ལུ་ ཕྱག་ཞུ་ནི་ཨིན་ཟེར་ཨིན་པས།

མོང་སྒར་གྱི་ མི་སེར་ཚུ་གིས་ འབྲུག་མཉམ་རུབ་ཚོགས་པའི་ གྲོས་འཛོམས་ནང་ བཅའ་མར་གཏོགས་པའི་བསྒང་།

འབྲུག་མཉམ་རུབ་ཚོགས་པའི་ གྲོས་འཛོམས་དེ་ཡང་ དབང་ཕྱུག་བཟའ་ཁང་གི་ སྤྱི་དོན་ཁང་ནང་སྦེ་ འགོ་འདྲེན་འཐབ་ཡོདཔ་ད་ དེ་བསྒང་ གཙོ་འཛིན་གྱིས་ ཚོགས་པའི་ལྟ་བ་དང་ ཁས་བླངས་གསལ་བཤད་འབད་བའི་སྐབས་ ཚོགས་པའི་རྒྱབ་སྐྱོར་པ་དང་ མི་སེར་༣༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ལས་ གཙོ་འཛིན་གྱིས་གཙོས་པའི་ ཚོགས་པའི་ལས་བྱེདཔ་ཚུ་ སེམས་དགའ་ཡོདཔ་ཨིན་པས།
གཙོ་འཛིན་གྱིས་ སླབ་མིའི་ནང་ མི་དབང་ཡབ་སྲས་རྣམ་༢ ཀྱིས་ རྒྱལ་ཁབ་ནང་ དམངས་གཙོའི་གཞུང་ གཞི་བཙུགས་གནང་མི་དེ་ གཙོ་བོ་ར་ དབང་ཚད་དེ་ མི་༡ དང་༢ ཀྱི་ལགཔ་ཁར་ མ་བཞག་པར་ མི་སེར་ཚུ་ལུ་སྤྲོད་དེ་ རྒྱལ་ཁབ་ནང་ ལེགས་འགྱུར་བཟོ་ཐབས་ལུ་ ཨིན་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ འབྲུག་མཉམ་རུབ་ཚོགས་པ་ གཞི་བཙུགས་འབད་དགོ་མི་དེ་ཡང་ གཞུང་དེ་ མི་སེར་གྱི་གཞུང་ བཟོ་ཐབས་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
མི་སེར་གྱི་ གཞུང་ཨིན་པ་ཅིན་ མི་སེར་ཚུ་ལུ་ དབང་ཚད་དགོཔ་ལས་ གཞུང་དེ་ མི་སེར་གྱི་ལགཔ་ཁར་བཞག་དགོཔ་དེ་ དམངས་གཙོའི་ལྟ་བ་ཨིན་ཟེར་ཨིནམ་ད་ མི་སེར་ཚུ་གིས་འབད་རུང་ དམངས་གཙོའི་ལམ་ལུགས་ནང་ གཞུང་བཙག་འཐུ་འབད་བའི་སྐབས་ལུ་ རྒྱལ་ཁབ་དང་ མི་སེར་ཚུ་ལུ་ ཕན་ཐོགས་ཅན་གྱི་གཞུང་ གདམ་འཐུ་འབད་དགོཔ་ཨིན་ཟེར་ཨིན་པས།
རྒྱལ་ཁབ་མང་ཤོས་ཅིག་ནང་ དམངས་གཙོའི་ལམ་ལུགས་དེ་ མཐར་འཁྱོལ་ཅན་ཅིག་ལུ་ འགྱུར་མ་ཚུགས་པར་ཡོད་མི་དེ་ཡང་ དབང་ཚད་དེ་ མི་སེར་ལུ་མ་གནང་པར་ མི་༡ དང་༢ ཀྱི་ལགཔ་ཁར་ ཡུན་རིངམོ་སྦེ་ བཞག་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
འབྲུག་ལུ་ཡང་ དེ་བཟུམ་གྱི་ གནས་སྟངས་འབྱུང་མི་བཅུག་ནིའི་དོན་ལུ་ ད་ལྟོ་ལས་ར་ མི་སེར་ཚུ་གིས་ གཞུང་སྐྱོང་དེ་ ལྕོགས་གྲུབ་ཅན་ཅིག་ བཙག་འཐུ་འབད་དགོ་ཟེར་ཨིན་པས།
གཙོ་འཛིན་གྱིས་ སླབ་མིའི་ནང་ མཉམ་རུབ་ཚོགས་པ་ཟེར་ གཞི་བཙུགས་འབད་མི་དེ་ མི་སེར་མཉམ་རུབ་ཐོག་ལས་ རྒྱལ་ཁབ་ནང་ དམངས་གཙོའི་གཞུང་དེ་ མི་སེར་གྱི་གཞུང་ཉག་རྐྱང་སྦེ་ བཟོ་ནིའི་དོན་ལུ་ འཚོགས་ཡོདཔ་ལས་ མི་སེར་ཚུ་གི་ ཚ་གྱང་དང་སྐྱིད་སྡུག་དེ་ མཉམ་རུབ་ཚོགས་པ་གི་ ཚ་གྱང་དང་སྐྱིད་སྡུག་ཨིནམ་ལས་ དཀའ་ངལ་དེ་ བསལ་ཚུགས་ཟེར་ཨིན་པས།
མི་སེར་ཚུ་གིས་འབད་རུང་ གཞུང་གསརཔ་བཙག་འཐུ་འབད་བ་ཅིན་ ཕྱི་རྒྱལ་ལས་ གྲོགས་རམ་འཐོབ་མ་ཚུགས་པའི་ དོགས་པ་ཟ་དོ་ཡོདཔ་ད་ མོ་གིས་འབད་བ་ཅིན་ དོགས་པ་བཟའ་དགོཔ་མེད་མི་དེ་ཡང་ གྲོགས་རམ་ཚུ་ བློན་ཆེན་དང་ བློན་པའི་ངོ་གསོ་ལུ་ལྟ་སྟེ་མེན་པར་ རྒྱལ་ཁབ་དང་ མི་སེར་གྱི་གནས་སྟངས་ལུ་ལྟ་སྟེ་ བྱིན་བྱིནམ་ཨིན་ཟེར་ཨིན་པས།
གསལ་བཤད་ཉན་པར་འོང་མི་ མང་ཤོས་ཅིག་གིས་ སླབ་མིའི་ནང་ ཁ་ཙ་ འབྲུག་མཉམ་རུབ་ཚོགས་པའི་གསལ་བཤད་དེ་ ལེགས་ཤོམ་སྦེ་ ཉན་ལྟཝ་ད་ གཞུང་སྐྱོང་ཚུགས་པའི་ ལྕོགས་གྲུབ་ཡོདཔ་མཐོང་རུང་ ད་ལྟོ་ མོང་སྒར་བཟུམ་ཅིག་ནང་ སྲིད་འཛིན་ཆ་མཉམ་གྱིས་ གསལ་བཤད་འབད་མ་ཚར་བ་ཡོདཔ་ལས་ སྲིད་དོན་ཚོགས་པ་ཚུ་ ག་དྲག་ག་ སླབ་མི་ཚུགས་པས་ཟེར་ཨིན་པས།
མི་སེར་ཚུ་གིས་ འབྲུག་མཉམ་རུབ་ཚོགས་པའི་ འཐུས་མི་༤༧ གྱི་ རྒྱབ་རྟེན་ཤེས་ཡོན་དང་ མི་ངོ་ཚུ་ གློག་རིག་ཐོག་ལས་ གསལ་སྟོན་འབད་མི་ལུ་བརྟེན་ འཛོམས་འདུ་ནང་ བཅའ་མར་གཏོགས་མི་ཚུ་ སེམས་དགའ་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment