གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཐུང་ཆུ་བཏོན་ནིའི་ཁས་བླངས་འབད་མི་ལུ་ ཡིད་ཆེས་མེདཔ།

༢༧/༥/༢༠༡༣   ༉ སྤུ་ན་ཁ་ དཀར་སྦྱིས་དང་ རྟ་ལོག་རྒེད་འོག་གི་འདེམས་ངོ་ཚུ་གིས་ རྟ་ལོག་རྒེད་འོག་གི་དོན་ལུ་ ཁས་བླངས་གསལ་བསྒྲགས་དེ་ ངོ་མ་ར་ རྒེད་འོག་གི་ ལབ་རྩ་ཁ་སྤྱི་འོག་ནང་ འཐུང་ཆུ་མེད་པའི་ དཀའ་ངལ་བསལ་ནི་དེ་ཨིནམ་ད་ སྤྱི་འོག་དེ་ནང་ འཐུང་ཆུ་མེད་པར་ ལོ་༥ དེ་ཅིག་ ལང་ཡོདཔ་ཨིན་པས།

འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ རྣམ་རྒྱལ་དཔལ་འབྱོར་གྱིས་ ཁས་བླངས་གསལ་བཤད་འབད་བའི་བསྒང་།

སྤྱི་འོག་དེ་ནང་ ཁྱིམ་གུང་པ་༨༠ ལྷགཔ་ཅིག་ཡོད་མིའི་ནང་ མི་རློབས་༡,༥༠༠ ལྷགཔ་ཅིག་ཡོད་མི་ཚུ་ག་ར་ འདམ་རྫབ་དང་ ཆུ་རྫིང་ནང་ལས་ ཆུ་དབོག་སྟེ་ འཐུང་དོ་ཡོདཔ་ད་ དེའི་གྲས་ལས་ སྐྱེས་ལོ་༥༦ ལང་མི་ ཆོས་སྒྲོན་གྱིས་ ཨ་རྟག་ར་ མོ་རའི་ཁྱིམ་གྱི་ལྟག་ལུ་ཡོད་པའི་ དམ་ཕོད་མཇུག་རོང་ཆུའི་རྐ་ལས་ ཆུ་དབོག་སྟེ་ འཐུང་དོ་ཡོདཔ་ད་ མ་གཞི་ མོ་རའི་ཁྱིམ་གྱི་གདོང་ཁར་ ཆུ་དུང་ཀ་ལི་ཅིག་ཡོད་རུང་ དེ་ནང་ལས་ ཆུ་ཆུང་ཀུ་ཅིག་ལས་བརྒལ་ ཐོན་ནི་མེདཔ་ལས་ ཆུ་དབོག་མི་དེ་ར་ དྲག་པས་ཟེར་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༨ ལུ་ རྒྱལ་ཡོངས་ཚོགས་འདུ་དང་ ཚོགས་སྡེ་༢ ཆ་ར་གིས་ འཐུང་ཆུ་བཀྲམ་སྤེལ་གྱི་ ཁས་བླངས་འབད་ཡོདཔ་ཨིན་རུང་ ཆུ་དེ་ ད་ལྟོའི་བར་ན་ཡང་ མ་ཐོབ་ནི་དེ་གིས་ ད་ལས་ཕར་ ཁས་བླངས་ག་དེམ་ཅིག་འབད་རུང་ བློ་གཏད་མི་ཚུགས་པས་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་བགྲེསཔ་ རྣམ་རྒྱལ་དཔལ་འབྱོར་གྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༨ ལུ་ ཁས་བླངས་འབད་མི་དེ་ ད་ལས་ཕར་ གྲུབ་འབྲས་བཏོན་ཚུགས་ནི་ཨིནམ་ད་ དེ་ཡང་ འདས་པའི་ལོ་༥ ནང་ ཆུའི་བཅའ་ཁྲིམས་ཆ་འཇོག་གྲུབ་མི་དེ་ ད་ལས་ཕར་ ལག་ལེན་འཐབ་པའི་སྐབས་ གྲུབ་འབྲས་ངེས་པར་དུ་ འཐོན་འོང་ཟེར་ཨིན་པས།
འཐུང་ཆུའི་དཀའ་ངལ་ངོ་མ་ར་ ཆུ་རྐ་མེདཔ་ལས་བརྟེན་ ཉེ་འདབས་ཀྱི་རྒེད་འོག་ སྟོད་སྦིས་སའི་ ས་ཁོངས་ལས་འབབ་མི་ ལྟག་མགོ་ལུངམ་གི་ཆུ་ བཏོན་ནིའི་དཔའ་བཅམ་པའི་སྐབས་ དེ་ཁའི་མི་ཚུ་གིས་ མ་བྱིནམ་ལས་བརྟེན་ ཆུ་ལེན་མ་ཚུགས་པས།
ཆུ་དེ་ སྤྱི་འོག་ལས་ ཀི་ལོ་མི་ཊར་༡༠ དེ་ཅིག་གི་ས་ཁར་ཡོདཔ་ད་ རྟ་ལོག་རྒཔོ་ ཀུན་ལེགས་ཀྱིས་འབད་བ་ཅིན་ གལ་སྲིད་ཆུ་དེ་ བྱིན་པ་ཅིན་ སྤྱི་འོག་ནང་ མི་གྲངས་༡,༥༠༠ ལྷགཔ་ཅིག་ལུ་ འཐུང་ཆུ་ལང་ཚུགས་པའི་ཁར་ ཞིང་ཆུ་སྦེ་ཡང་ ལག་ལེན་འཐབ་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དེའི་དོན་ལུ་ རྒེད་འོག་༢ ཀྱི་བར་ན་ ཞལ་འཛོམས་ ལེན་ཐེངས་༢ འཚོགས་པའི་སྐབས་ རྫོང་ཁག་བདག་སྐྱོང་གི་ཧོངས་ལས་ཡང་ བཅའ་མར་གཏོགས་ཡོདཔ་ད་ ད་ལྟོ་ གྲོས་ཆོད་ག་ནི་ཡང་ བྱུང་མ་ཚུགས་རུང་ ཆུ་བཏོན་ནིའི་དོན་ལུ་ འཆར་གཞི་བཅུ་པའི་ འཆར་དངུལ་ཐོག་ལས་ ན་ཧིང་ དངུལ་ཀྲམ་ས་ཡ་༡.༢ གནས་པའི་ ཆུ་དུང་མཁོ་སྒྲུབ་འབད་ཡི་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ སངས་རྒྱས་ཕུར་པ་གིས་ སླབ་མིའི་ནང་ ཁོ་ར་ སྟོད་པའི་རྒེད་འོག་ལས་འབད་ནི་དེ་གིས་ རྒེད་འོག་དང་གཅིག་ཁར་ གྲོས་བསྟུན་ལེགས་ཤོམ་འབད་དེ་ དཀའ་ངལ་སེལ་ཚུགས་ཟེར་ཨིནམ་ད་ དེ་ཡང་ ལྟག་མགོ་ལུངམ་གི་ཆུ་དེ་ ག་ར་ལག་ལེན་འཐབ་མི་མེདཔ་ལས་ ཆུ་དེ་སྦེ་ར་ བཏང་བཞག་མི་བ་ ལག་ལེན་འཐབ་པ་ཅིན་ དྲག་ནི་ཨིནམ་ལས་ ཆུའི་བཅའ་ཁྲིམས་དང་འཁྲིལ་ འཐུང་ཆུ་བཏོན་ནི་ལུ་ གཙོ་བོར་བཏོན་ནི་ཟེར་ཨིན་པས།
དེ་ལས་ སྤྱིར་དབང་ཚོགས་པའི་འདོམས་ངོ་ རྣམ་རྒྱལ་རྡོ་རྗེ་གིས་འབད་རུང་ ཁོ་ར་ རྟ་ལོག་ལས་ཨིནམ་ལས་ སྤྱི་འོག་དེ་ནང་ ཆུའི་དཀའ་ངལ་ག་བཟུམ་ཡོདཔ་ཨིན་ན་ ལེགས་ཤོམ་སྦེ་ར་ ཧ་གོ་ནི་དེ་གིས་ གལ་སྲིད་སྤྱིར་དབང་ཚོགས་པ་དེ་ བཙག་འཐུ་འགྲུབ་ཅིན་ རྒེད་འོག་དེ་གི་ གོང་འཕེལ་ལས་སྣ་ཚུ་གི་དོན་ལུ་ གནས་རིམ་གཙོ་ཅིག་སྦེ་ བཞག་ནི་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ རྡོ་ཕུག་འབྲུག་པ་གིས་འབད་རུང་ ཆུ་དེ་ ག་བ་ཡང་ ཁག་ཆེ་ཤོས་ཅིག་ཨིནམ་ལས་ ངེས་པར་དུ་ དགོ་ཟེར་ཨིན་པས།
སྤྱི་འོག་གི་ མི་ཚུ་གིས་འབད་བ་ཅིན་ ལྟག་མགོ་ལུངམ་ཆུ་དེ་ སྟོད་སྦིས་ས་རྒེད་འོག་ ལ་ལུ་ཅིག་གིས་ ཞིང་ཆུའི་དོན་ལུ་ ལག་ལེན་འཐབ་དོ་ཟེར་ཨིནམ་ད་ ཆུ་དེ་ལེགས་ཤོམ་སྦེ་ འབད་སྤྱོད་འབད་ནི་མེདཔ་ལས་ དེ་སྦེ་ར་ འཐོན་འགྱོཝ་མས་ཟེར་ཨིན་པས།
གཡུས་མི་ཚུ་གིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ རྫོང་ཁག་བདག་སྐྱོང་ལུ་ ཞུ་ཡིག་ལེ་ཤ་བཙུགས་རུང་ ལན་གསལ་མེད་པའི་ཁར་ རྒེད་འོག་གི་ རྒྱལ་ཡོངས་ཚོགས་འདུ་དང་ ཚོགས་སྡེའི་འཐུས་མི་༢ ཆ་ར་གིས་ སྤྱི་ལོ་༢༠༠༨ ལུ་ ཁས་བླངས་གསལ་བསྒྲགས་འབད་བའི་སྐབས་ འཐུང་ཆུ་བྱིན་ནི་ཟེར་ སླབ་མི་དེ་ཡང་ མ་བདེནམ་ལས་ ག་གིས་ ག་ཅི་སླབ་རུང་ བློ་གཏད་མི་ཚུགས་པས་ཟེར་ཨིནམ་ད་ ཆུ་འཐུང་བཏོན་ནིའི་ ཁས་བླངས་དེ་ སྤྱི་ཟླ་༥ པའི་ཚེས་༢༢ ལུ་ རྟ་ལོག་རྒེད་འགོ་ནང་ འབད་ཡོདཔ་ཨིན་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment