གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཆར་གཞི་དང་ ཁས་བླངས་འབད་མི་ཚུ་ འགྲུབ་ཚུགས་ག?

༢༨/༥/༢༠༡༣   ༉ སྲིད་དོན་ཚོགས་པ་ཚུ་གིས་ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ འགོ་ཐོག་བཙག་འཐུ་ནང་ལས་ རྒྱལ་ཁ་འཐོབ་ནིའི་དོན་ལུ་ ཚོགས་པ་ཚུ་གིས་ ཁས་བླངས་འདྲ་མིན་སྣ་ཚོགས་འབད་དོ་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནི་གི་ གོ་སྐབས་ཐོབ་མི་ཚུ་གིས་ ད་རུང་ རྒྱལ་ཡོངས་ཚོགས་འདུ་ནང་ སྡོད་ཁྲི་འཐོབ་ནིའི་དོན་ལུ་ ཁས་བླངས་ཚུ་ ད་རེས་བ་ལྷགཔ་སྦེ་ འབད་མི་འཐོན་ནི་ཨིན་པས།



ཕྱོགས་ཅིག་ལས་འབད་བ་ཅིན་ ལོ་༥ འི་འཆར་གཞི་༡༡ པའི་ནང་ མ་དངུལ་འབོར་ཆེ་ཏོག་ཏོ་ གནས་དོ་ཡོདཔ་ལས་ གཞུང་གསརཔ་དེ་གིས་ གདོང་ལེན་འབད་དགོ་ནི་ཨིན་པས།
ཨིན་རུང་ མི་མང་དང་གྲོས་བསྟུན་འབད་དེ་ བཟོ་ཡོད་མི་ ལོ་༥ འི་འཆར་གཞི་དང་ ཚོགས་པ་ཚུ་གིས་ ཁས་བླངས་འབད་མི་ཚུ་ ག་དེ་སྦེ་ འགྲུབ་ཚུགས་ག་ཟེར་བའི་ དྲི་བ་བཀོདཔ་ཨིན་པས།
འདས་པའི་ཚོགས་པ་༢ ཀྱིས་ ལོ་༥ འི་འཆར་གཞི་༡༠ པའི་ཟིན་བྲིས་ལུ་ གཞི་བཞག་སྟེ་འབད་ཡོད་རུང་ ཁས་བླངས་ཚད་མེད་འབད་ཡོདཔ་ལས་ སྙན་ཞུ་ལ་ལུ་ནང་ འཁོད་དོ་བཟུམ་འབད་བ་ཅིན་ བཙག་འཐུ་གྲུབ་མི་ འཐུས་མི་མང་ཤོས་ཀྱིས་ ཁས་བླངས་འབད་ཡོད་མི་ལུ་ བློ་འགྱོད་བསྐྱེད་ཡོདཔ་སྦེ་ བཀོད་ཡོདཔ་ད་ ལ་ལུ་གིས་འབད་བ་ཅིན་ འཐུས་མི་ཚུ་གིས་ ཁས་བླངས་དེམ་ཅིག་ འབད་དགོཔ་འདུག་ག་ཟེར་བའི་ དྲི་བ་བཀོདཔ་ཨིན་པས།
ཉམས་སྣང་དེ་ལུ་ལྟ་སྟེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བསྐུལ་བསྒྲགས་ཀྱི་ལས་རིམ་ཚུ་ འགོ་མ་བཙུགས་པའི་ཧེ་མར་ ཚུད་ནིའི་དོན་ལུ་ ལོ་༥ འི་འཆར་གཞི་ཚུ་ སྤྱི་ལོ་༢༠༡༡ ཟླ་༥ པའི་ནང་ལས་ར་ གྲ་སྒྲིག་ཚུདཔ་སྦེ་ འབད་ནི་ལུ་ རྩ་འགེངས་ཏེ་འབད་ཡོདཔ་ཨིན་པས།
འཆར་གཞི་དེ་དང་འཁྲིལ་ སྲིད་དོན་ཚོགས་པ་༤ གིས་ ལྟ་བ་ཚུ་ དེ་དང་འཁྲིལ་འབད་ཡོད་རུང་ ཁས་བླངས་མང་ཤོས་ར་ འཆར་གཞི་དེ་ཚུ་ནང་ མ་ཚུད་མི་ཚུ་ ཡོདཔ་ཨིན་པས།
དཔེར་ན་ ཚོགས་པ་ལ་ལུ་ཅིག་གིས་ འཁོར་ལམ་རྩི་ནག་གཏང་ནི་དང་ རྫོང་ཁག་རེ་ནང་ ཌོག་ཊར་༣ རེ་བཙུགས་ནི་ཚུ་ ཐོན་ཡོད་རུང་ རྒྱལ་སྤྱིའི་གནས་ཚད་ཡོད་པའི་ མི་ཚེ་ཉམས་གསོ་ལྟེ་བ་བཙུགས་ནི་དང་ རྒྱལ་ཡོངས་རྩེད་རིགས་དབང་འཛིན་དང་ ཤར་ཕྱོགས་ཁ་ཐུག་ལུ་ མཐོ་རིམ་སློབ་གྲྭ་བཙུགས་ནི་ཚུ་ འཆར་གཞི་ནང་ཚུད་དེ་ཡོདཔ་ལས་ ཚོགས་པའི་ལྟ་བ་ཚུ་ནང་ སྲིད་བྱུས་ཀྱི་ གྲོས་འཆར་བཟུམ་འབད་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ བཙག་འཐུ་འགོ་དང་པ་ འགོ་འདྲེན་འཐབ་པའི་སྐབས་ལས་ར་ བཙག་འཐུའི་ལམ་ལུགས་དང་ བྱ་རིམ་ཚུ་ལུ་ ལྟ་ཞིབ་འབད་མི་ མཁས་མཆོག་ལ་ལུ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ དཀའ་ངལ་ངོ་མ་ར་ སྤྱིར་བཏང་བཙག་འཐུ་ནང་ འགོ་འདྲེན་འཐབ་ནི་གི་ གོ་སྐབས་ཐོབ་མི་ཚུ་གིས་ ཁས་བླངས་འདྲ་མིན་སྣ་ཚོགས་འབད་བའི་ཤུལ་ལས་ འཐོན་འོང་ཟེར་ཨིན་པས།
མི་གཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་བསྒང་ འདེམས་ངོ་ཚུ་གིས་ ངོ་རྐྱང་གི་གནས་ཚད་ནང་ ཁས་བླངས་འབད་ནི་ཨིནམ་མ་ཚད་ དེ་ཡང་ འབད་དགོཔ་མེད་པའི་ བླངས་ཚུ་ཡང་ ཚོགས་པ་ཚུ་གིས་ སྲིད་བྱུས་དང་འབྲེལ་བའི་ ཁས་བླངས་འབད་ནི་ཨིན་པས།
འགོ་དང་པའི་ བཙག་འཐུ་སྐབས་ལུ་ཡང་ མི་སྡེ་གིས་ ཡིད་ཆེས་ཡོདཔ་བཟོ་ནིའི་དོན་ལུ་ འདེམས་ངོ་ཚུ་གིས་ མི་སྡེའི་གནས་ཚད་ནང་ འབད་བྱིན་ནི་གི་ ཁས་བླངས་ལེ་ཤ་འབད་ཡོདཔ་ད་ སྙན་ཞུ་ལ་ལུ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཁས་བླངས་ཚུ་ཡང་ མི་སྡེ་དང་མཐུནམ་ཚུ་ འབད་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ མི་སྡེ་གིས་ ཁས་བླངས་ཚུ་ཡང་ ཁོང་རའི་གཡུས་ཁ་ལུ་ གོང་འཕེལ་དང་འབྲེལ་བའི་ ལས་སྣ་ཚུ་ལུ་མ་གཏོགས་ གཞན་ སྲིད་བྱུས་དང་ཁྲིམས་ལུགས་ཀྱི་སྐོར་ལས་ དང་འདོད་བསྐྱེད་མི་མ་མཐོང་ཟེར་ ཚོགས་སྡེ་གི་ འཐུས་མི་བགྲེསཔ་ཅིག་གིས་ བཤད་ཅི།
དེ་འབདཝ་ལས་ སྤྱིར་བཏང་བཙག་འཐུ་སྐབས་ལུ་ ཚོགས་འདུ་ནང་ གོ་སྐབས་འཐོབ་ནིའི་དོན་ལུ་ འདེམས་ངོ་དང་ ཚོགས་རྒྱན་མང་ཤོས་ཐོབ་སྟེ་ གཞུང་སྐྱོང་ནི་གི་དོན་ལུ་ཨིནམ་ལས་ ཁས་བླངས་དེ་བཟུམ་འབད་མི་ མང་སུ་འཐོན་ནི་ཨིན་པས།
ཨིན་རུང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ བཙག་འཐུའི་ཤུལ་ལས་ འཆར་གཞི་མང་ཤོས་ར་ བསྡོམས་བཏང་སྟེ་ ས་གནས་གཞུང་ནང་བཏངམ་ད་ མ་དངུལ་དང་འབྲེལ་བའི་དཀའ་ངལ་གྱིས་ ཁས་བླངས་མང་ཤོས་ར་ མ་ཚུདཔ་ཨིན་པས།
ད་རེས་ཡང་ དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ འཆར་གཞི་ཟིན་བྲིས་ནང་ཡོད་མི་དེ་ ག་དེ་སྦེ་བཞག་ནི་ཨིན་ན་ བཙག་འཐུ་གྲུབ་མི་གཞུང་གསརཔ་ལུ་ རག་ལས་ཟེར་ཨིན་རུང་ འགོ་དཔོན་ཚུ་གིས་འབད་བ་ཅིན་ གཙོ་བོ་ར་ མི་སེར་གྱི་གཙོ་རིམ་ཚུ་ བྱིན་ནི་དེ་ཨིན་ཟེར་ཨིན་པས།
ཨིན་རུང་ འཐུས་མི་ཚུ་གིས་ འགོ་ཐོག་ནང་ འཆར་གཞི་ནང་ཚུད་དེ་མེད་པའི་ ཁས་བླངས་ཚུ་གི་དོན་ལུ་ ཁོང་ར་གིས་ ཐབས་ཤེས་ཚུ་བཏོན་ཡོདཔ་ད་ དེ་ནང་ལས་ གཅིགཔོ་དེ་ འདེམས་ཁོངས་ནང་སྦྱིན་མ་དངུལ་ འཐོབ་ནི་ཡོདཔ་བཟོ་བའི་ཤུལ་ལས་ འཐུས་མི་ཚུ་གིས་ ལོ་༡ ནང་ དངུལ་ཀྲམ་ས་ཡ་༢ ཐོབ་མི་དེ་ གནས་སྐབས་ཅིག་ བཀག་ཆ་འབད་ཡོད་རུང་ མ་དངུལ་དེ་ ཕན་ཐོགས་ཡོདཔ་སྦེ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
འཐུས་མི་བགྲེསཔ་ཚུ་གིས་ གཞུང་དང་ དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་༢ ཀྱིས་ བཙག་འཐུ་གྲུབ་མི་ཚུ་ལུ་ ཤུལ་ལས་ མ་དངུལ་དང་འབྲེལ་བའི་ དཀའ་ངལ་མི་འཐོན་ནི་གི་དོན་ལུ་ ཁས་བླངས་འབད་མི་ཚུ་ མ་ཚུད་རུང་ བརྩི་འཇོག་འབད་དགོཔ་འདུག་ཟེར་ཨིན་པས།
འཐུས་མི་བགྲེསཔ་ཚུ་གིས་ ཁོང་གི་ཁས་བླངས་ཚུ་ གྲུབ་ཚུགས་མ་ཚུགས་རུང་ ཟམ་དང་འཁོར་ལམ་ཚུ་གི་སྐོར་ལས་ ཁས་བླངས་མ་འབད་བར་ བྱ་ཐབས་མིན་འདུག་ཟེར་ཨིནམ་ད་ བཀྲ་ཤིས་སྒང་གི་ འཐུས་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཙག་འཐུ་འགྲུབ་པ་ཅིན་ ཁྲིམས་བཟོ་མི་ཨིན་རུང་ ཚོགས་རྒྱན་གྱི་རྒྱབ་སྐྱོར་དོན་ལུ་ དེ་བཟུམ་འབད་དགོ་པས་ཟེར་ བཤད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment