གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༣༠/༥/༢༠༡༣   བཙག་འཐུའི་དུས་ཚོད་ལུ་བརྩི་མཐོང་།
༉ ཁ་ཙ་ དྲོ་པའི་ཆུ་ཚོད་༩ ལས་འགོ་བཙུགས་ཏེ་ དུས་ཡུན་ཆུ་ཚོད་༤༨ ཀྱི་རིང་ སྲིད་དོན་ཚོགས་པ་དང་ བརྡ་བརྒྱུད་ མི་མང་གིས་ བཙག་འཐུ་དང་འབྲེལ་བའི་ བསྐུལ་བསྒྲགས་འབད་ནི་ཚུ་ མཚམས་འཇོག་འབད་ཡོད་མི་དེ་ཡང་ བཙག་འཐུའི་བྱ་རིམ་ཚུ་ རང་མོས་དང་ རྣམ་དག་ཐོག་ལས་ འགོ་འདྲེན་འཐབ་ཚུགས་ནིའི་དོན་ལུ་ཨིན་མས།


ནངས་པ་འགོ་ཐོག་བཙག་འཐུའི་བྱ་རིམ་ མཇུག་མ་བསྡུ་ཚུན་ཚོད་ སྲིད་དོན་ཚོགས་པ་ཚུ་གིས་ བསྐུལ་བསྒྲགས་ཚུ་ ག་ནི་ཡང་འབད་མ་ཆོག་པའི་ཁར་ གསར་ཤོག་དང་ རྒྱང་བསྒྲགས་ རྒྱང་མཐོང་ལ་སོགས་པའི་ བརྡ་བརྒྱུད་ཚུ་གིས་ཡང་ ཚོགས་རྒྱུན་སྐྱུར་མི་ཚུ་ལུ་ རྒྱུད་བསྐུལ་དང་ སེམས་ཤུགས་བསྐྱེད་པའི་ གནས་ཚུལ་དང་ པར་གྱི་རིགས་ག་ནི་ཡང་ ཁྱམ་སྤེལ་འབད་མ་ཆོག་པར་ གནས་ཚུལ་གསང་བྱ་སྦེ་ བཞག་དགོཔ་ཨིན་མས།
དུས་ཡུན་ཆུ་ཚོད་༤༨ ཀྱི་རིང་ མི་མང་ལུ་ བར་དཀྲོགས་མེད་པར་ བཞག་དགོ་མི་དེ་ཡང་ ད་ཚུན་གྱི་བར་ན་ སྲིད་དོན་ཚོགས་པ་ཚུ་གིས་ རང་སོའི་ལྟ་བ་དང་ གཞི་རྩ་ ཁས་བླངས་གསལ་བསྒྲགས་འབད་མི་ཚུ་ ཚོགས་རྒྱུན་སྐྱུར་མི་ཚུ་གི་ ཁ་ཐུག་ལས་ བསམ་ཞིབ་དང་ ནན་ཞིབ་འབད་ནི་གི་ དུས་ཚོད་བྱིན་ཐབས་ལུ་ཨིན་མས།
རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་དོན་ལུ་ དོ་འགྲན་འབད་མི་ སྲིད་དོན་ཚོགས་པ་༤ གིས་ འདས་པའི་བདུན་ཕྲག་དག་པ་ཅིག་གི་རིང་ལུ་ བསྐུལ་བསྒྲགས་ཞིབ་པར་འབད་བའི་ གྲུབ་འབྲས་ཚུ་ ནངས་པ་ཕྱི་རུ་ཁམས་ཅིག་ལས་ འཐོན་ནི་ཨིནམ་བཞིན་དུ་ ཚོགས་རྒྱན་གྱངས་ཁ་མཐོ་ཤོས་ཐོབ་མི་ སྲིད་ཚོགས་༢ སྤྱིར་བཏང་བཙག་འཐུའི་དོན་ལུ་ དོ་འགྲན་འབད་དེ་ ག་རྒྱལ་ཁ་ཐོབ་མི་དེ་གིས་ གཞུང་སྐྱོང་འབད་ནི་ཨིན།
འགོ་ཐོག་བཙག་འཐུ་འབད་ཚར་བའི་ཤུལ་ལུ་ སྲིད་ཚོགས་༢ ཕྱིར་བཏོན་ཐོག་ རྒྱལ་ཁ་ཐོབ་མི་ སྲིད་ཚོགས་གཉིས་ཀྱིས་ ནན་བསྐྱར་དུ་ རྒྱལ་ཁབ་ནང་འཁོད་ཀྱི་ རང་སོའི་འདེམས་ཁོངས་ཚུ་ནང་ ལྟ་སྐོར་འབད་དགོཔ་ད་ གལ་སྲིད་ སྲིད་ཚོགས་དེ་ འགོ་ཐོག་བཙག་འཐུ་ནང་ མཐར་འཁྱོལ་བྱུང་མ་ཚུགས་པ་ཅིན་ སྲིད་ཚོགས་དེ་དང་ འདེམས་ངོ་ཚུ་ ག་དེ་སྦེ་ གནས་ནི་ཨིན་ན?
བཙག་འཐུ་གྲུབ་མི་ སྲིད་ཚོགས་གཉིས་ཀྱི་ཐད་ལུ་ སྤྱིར་བཏང་བཙག་འཐུའི་ གྲ་སྒྲིག་འབད་ནིའི་དོན་ལུ་ རང་སོའི་ཁས་བླངས་གསལ་བསྒྲགས་ཚུ་ ལེགས་བཅོས་འབད་ནི་གི་ གོ་སྐབས་འཐོབ་ཚུགས་ནི་ཨིན་མས།
བཙག་འཐུའི་དུས་ཚོད་ནང་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ཡང་ འབད་ཆོག་མ་ཆོག་གི་ ལམ་ལུགས་ལུ་ གནས་དགོཔ་ད་ དེ་ཡང་ ནངས་པ་འགོ་ཐོག་བཙག་འཐུའི་ ཚོགས་རྒྱན་བཙུགས་པར་འགྱོཝ་ད་ ཚོགས་རྒྱན་ས་ཁོངས་ནང་ གྱི་ཅུང་དང་ སྒྲོ་གཟུགསམ་ལ་སོགས་ག་ནི་ཡང་ འབག་མི་ཆོག་པའི་ཁར་ ཆང་ཉོ་བཙོང་འཐབ་ནི་དང་ འཐུང་ནི་ཚུ་ཡང་ མ་ཆོགཔ་ཨིན།
དེ་གིས་མ་དོ་བར་ ཚོགས་རྒྱན་བཙུགས་པར་འགྱོཝ་ད་ རང་སོའི་ཚོགས་རྒྱན་ངོས་འཛིན་འདྲ་པར་དང་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ཚུ་ འབག་འགྱོ་ནི་དེ་ བརྗེད་ནི་མི་འོང་། ག་འཆརཔ་ཟེར་བ་ཅིན་ ངོས་འཛིན་འདྲ་པར་མེད་པ་ཅིན་ གསང་བའི་ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་མི་ཐོབ།
འབྲུག་གི་དམངས་གཙོའི་རིང་ལུགས་ སྒྲིང་སྒྲིང་བཟོ་ནི་གི་ ལྷན་ཐབས་འབད་འདོད་ཡོད་པ་ཅིན་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ སེམས་ཚ་གྱང་ཐེབས་ཅིག་ར་འབག་སྟེ་ ཚོགས་རྒྱན་བཙུགས་པར་ འགྱོ་ཐོག་ལས་ ཁྱད་པར་བཟོ་ཚུགས་པ་ཅིན་ འབྲུག་པའི་མི་སེར་གྱི་ རེ་འདོད་དང་ མནོ་དོན་ཚུ་འགྲུབ་ཚུགས།
འདི་འབདཝ་ལས་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ བཙག་འཐུའི་དུས་ཚོད་ལུ་ བརྩི་མཐོང་བསྐྱེད་དགོཔ་དེ་ ཁག་ཆེ་ཟེར་ ཞུ་ནི་ཨིན།

No comments:

Post a Comment