གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམ་ཐང་ལུ་ ཕྱོགས་མདའི་ལམ་སྲོལ་ ད་ལྟོའི་བར་ན་ཡང་ མ་ཉམས་པར་ཡོདཔ།

༢༥/༥/༢༠༡༣   ༉ བུམ་ཐང་ ལྕམ་མཁར་དང་ རྒྱ་ལི་མཁར་གཡུས་ཚན་༢ ཀྱི་བར་ན་ ཕྱོགས་མདའ་རྐྱབ་ནི་དེ་ སྔོན་དང་ཕུ་ལས་ཡོད་པའི་ ལམ་སྲོལ་ཅིག་ཨིནམ་ད་ དེ་དང་བསྟུན་པའི་ རང་ལུགས་ཀྱི་ ཡིད་ཆེས་བསྐྱེད་ཐངས་དང་ དགོས་པ་ཚུ་ཡང་ སྦོམ་ཡོདཔ་ཨིན་པས།
ལྕམ་མཁར་དང་ རྒྱ་ལི་མཁར་གཡུས་ཚན་༢ ཀྱི་བར་ན་ ཕྱོགས་མདའ་རྐྱབ་པའི་བསྒང་།


ཕྱོགས་མདའ་དེ་ཡང་ ལོ་རེ་ནང་ ཚར་༢ རེ་སྦེ་ རྩེད་འགྲན་འབད་དོ་ཡོདཔ་བཞིན་དུ་ རྩེད་འགྲན་དང་པ་དེ་ རང་ཟླ་དང་པའི་ཚེས་༣ དང་༤ ལུ་ དང་ གཞན་མི་དེ་ རང་ཟླ་༤ པའི་ཚེས་༡༠ དང་༡༡ ལུ་ རྩེད་འགྲན་འབད་དོ་ཡོདཔ་ཨིན་པས།
ཕྱོགས་མདའ་འགོ་འདྲེན་འཐབ་ཐངས་ཀྱི་ ལམ་ལུགས་དེ་ཡང་ འདས་པའི་ལོ་གི་ རྩེད་འགྲན་ནང་ ཕམ་མི་སྡེ་ཚན་གྱིས་ ཤུལ་མམ་གྱི་ལོའི་ རྩེད་འགྲན་གྱི་དོན་ལུ་ ཞག་གྲངས་༡༥ འི་ཧེ་མ་ལས་ རྒྱལ་ཁ་འཐོབ་མི་སྡེ་ཚན་ལས་ རྩེད་འགྲན་གྱི་ གནང་བ་ལེན་དགོཔ་ད་ དེ་གི་ཤུལ་ལས་ དུས་ཚོད་དང་འཁྲིལ་ རྩེད་འགྲན་འབད་མི་དེ་ རྒྱ་ལི་མཁར་སྡེ་ཚན་གྱི་དོན་ལུ་འབད་བ་ཅིན་ ཡུལ་ལྷ་དྲག་པ་རྒྱལ་མཚན་དང་ ལྕམ་མཁར་གྱི་དོན་ལུ་འབད་བ་ཅིན་ ཕོ་ལྷ་ལུ་ གསོལ་ཁ་ཕུལ་བའི་ཚུལ་ཨིན་པས།
རྩེད་འགྲན་དང་པ་དེ་ རྒྱ་ལི་མཁར་མདའ་རྩེད་ཐང་ནང་ འགོ་འདྲེན་འཐབ་དོ་ཡོདཔ་ད་ གཉིས་པ་དེ་ ལྕམ་མཁར་གྱི་ མདའ་རྩེད་ཐང་ནང་སྦེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
མདའ་རྩེདཔ་ཚུ་གིས་ དྲོ་པའི་ཆུ་ཚོད་༧ དེ་ཅིག་ཁར་ མདའ་རྩེད་ཐང་ཚུ་ནང་ འགྱོ་བའི་སྐབས་ དར་འཕྱར་ དང་ཕུའི་ཀྲོབ་མདའ་དང་ གྱི་རིང་ དེ་ལས་ དགྲ་ལི་ཚུ་འབག་སྟེ་ དམག་རྐྱབ་པར་འགྱོ་བའི་ ཚུལ་བཏོན་ཐོག་ལས་ འགྱོཝ་ཨིན་པས།
མདའ་རྩེདཔ་ཚུ་ འབའ་ཐང་ནང་ ལྷོད་པའི་སྐབས་ མར་ཆང་གི་ཕུད་གཏོར་ཏེ་ བཞུགས་གྲལ་ཕུན་སུམ་ཚོགས་པ་གིས་རྩིས་པའི་ དྲོ་མཛར་ཚུ་ཡང་ འབའ་ཐང་ནང་སྦེ་བཟའ་སྟེ་ ཆུ་ཚོད་ཕྱེད་དང་༩ དེ་ཅིག་ལས་ མདའ་རྩེད་འགྲན་བསྡུར་ཚུ་ འགོ་བཙུགས་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༥ འབད་ སྡོད་པའི་སྐབས་ལས་ར་ ཕྱོགས་མདའ་དེ་ནང་ འབྲེལ་གཏོགས་འབད་དེ་ ད་རེས་ སྐྱེས་ལོ་༥༢ ལང་མི་ ལྕམ་མཁར་ལས་ བཀྲིས་རྡོ་རྗེ་གིས་འབད་བ་ཅིན་ མ་གཞི་ རྩེད་འགྲན་གཞན་ཚུ་གི་སྐབས་ བཀག་རེག་ཕོག་མི་ཚུ་ལུ་ དར་དང་ རྒྱལ་ཁ་ཐོབ་མི་ སྡེ་ཚན་ཚུ་ལུ་ གསོལ་རས་ཚུ་ བྱིན་སྲོལ་ཡོདཔ་ཨིན་རུང་ ཕྱོགས་མདའ་དེ་གི་སྐབས་ དེ་བཟུམ་མའི་ལམ་ལུགས་ མེད་ཟེར་ཨིན་པས།
ཁོང་རའི་གཡུས་སྒོ་གི་ ཡིད་ཆེས་དང་འཁྲིལཝ་ད་ ཕྱོགས་མདའ་ནང་ལས་ ཕམ་མི་སྡེ་ཚན་དེ་གིས་ གཡུས་སྒོའི་ནང་ ལོ་དེ་གི་སྐབས་ བདེ་སྐྱིད་ལུ་ བར་ཆད་འབྱུང་ནི་དང་ ནད་ཡམས་འབྱུང་ནི་ དེ་ལས་ ལོ་ཐོག་གི་ཐོན་སྐྱེད་ཚུ་ཡང་ མི་ལེགས་ཟེར་ སླབ་ཨིན་པས།
ཕྱོགས་མདའ་ རྩེད་འགྲན་འབད་བའི་སྐབས་ ཨམ་སྲུ་དང་ ཨ་ལུ་ཚུ་གིས་ཡང་ ལེགས་ཤོམ་སྦེ་ འབྲེལ་གཏོགས་འབད་དོ་ཡོད་མི་དེ་ཡང་ གནད་དོན་དེ་ལུ་བརྟེན་ཏེ་ཨིན་པས།
ཕྱོགས་མདའ་རྩེད་འགྲན་འབདཝ་ད་ ཨམ་སྲུའི་སྡེ་ཚན་ཚུ་གིས་ ཞབས་ཁྲ་འཐེན་ཏེ་ རང་སོའི་གཡུས་སྒོའི་ སྡེ་ཚན་ཚུ་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ད་ ཨམ་སྲུ་གཞན་ཚུ་གིས་ མདའ་རྩེདཔ་ཚུ་གི་དོན་ལུ་ ཉིན་མའི་བཞེས་སྒོ་འབག་སྟེ་ འོང་སྲོལ་ཡོདཔ་ཨིན་རུང་ ཉིན་མའི་ལྟོ་སྐྱེལ་མི་ ཨམ་སྲུའི་གྱངས་ཁ་ཚུ་ མར་འབབ་འགྱོ་དོ་ཡོདཔ་ཨིན་པས།
ག་དེམ་ཅིག་སྦེ་ རྩེད་འགྲན་མ་རན་པའི་ བཞག་དག་པ་ཅིག་གི་ཧེ་མར་ ཤི་རྐྱེན་རེ་འབྱུང་པ་ཅིན་ ཕྱོགས་མདའི་ལས་རིམ་དེ་ ཆ་མེད་བཏང་བཞག་དོ་ཡོདཔ་སྦེ་ བཀྲིས་རྡོ་རྗེ་གིས་ སླབ་ཨིན་པས།
རྩེད་འགྲན་ཉིནམ་དང་པའི་ནང་ ཤི་རྐྱེན་རེ་བྱུང་སོ་པ་ཅིན་ མཚམས་འཇོག་འབད་ཐབས་མེདཔ་ད་ ད་རེས་ཁམས་ མཇུག་བསྡུ་མི་ ཕྱོགས་མདའ་གི་ ཉིནམ་དང་པའི་ནང་ ལྕམ་མཁར་གཡུས་ཁར་ མི་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་རུང་ རྩེད་འགྲན་དེ་ འཕྲོ་མཐུད་དེ་ར་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
རྩེད་འགྲན་སྐབས་ཀྱི་ བཞེས་སྒོ་དང་ སྤྲོ་སྟོན་ལས་རིམ་ཚུ་གི་དོན་ལུ་ ཟད་འགྲོ་ཚུ་ མདའ་རྩེདཔ་ཚུ་གིས་ར་ སྤྲོད་དགོཔ་ཨིན་རུང་ རེས་ཅིག་སྐབས་ ཟད་འགྲོའི་གྲོགས་རམ་འབད་མི་ གཡུས་སྒོའི་མི་ངོ་ཚུ་ཡང་ ཐོན་དོ་ཡོདཔ་ཨིན་པས།
གཡུས་མི་རྒན་ཤོས་ཚུ་གིས་ སླབ་མིའི་ནང་ དང་ཕུ་འབད་བ་ཅིན་ ཕྱོགས་མདའ་དེ་ རང་ལུགས་ཀྱི་ མདའ་གཞུ་ཐོག་ལས་སྦེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་རུང་ དེང་སང་ ཕྱི་རྒྱལ་གྱི་ མདའ་གཞུ་ཐོག་ལས་ འགོ་འདྲེན་འཐབ་མས་ཟེར་ཨིན་པས།
ཕྱོགས་མདའ་དེ་ རྒྱ་ལི་མཁར་ལུ་ རྩེད་འགྲན་འབད་བའི་སྐབས་ ཟད་འགྲོ་ཚུ་ རྒྱ་ལི་མཁར་གྱི་ མདའ་རྩེདཔ་ཚུ་གིས་བཏོན་དགོཔ་ད་ དེ་བཟུམ་སྦེ་ ལྕམ་མཁར་ལུ་ རྩེད་འགྲན་འབདཝ་ད་ ལྕམ་མཁར་གྱི་སྡེ་ཚན་གྱིས་ བཏོན་དགོཔ་ཨིན་པས།
དུས་ཅི་གི་ རྩེད་འགྲན་དོན་ལུ་ འབྲུག་བཙག་འཐུ་ལྷན་ཚོགས་ལས་ གནང་བ་ཞུ་དགོཔ་ཐོན་ཡོདཔ་ད་ དེ་གི་སྐབས་ ལྷན་ཚོགས་ཀྱིས་ རྩེད་འགྲན་དེ་ ཕར་འགྱང་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་རུང་ ལམ་སྲོལ་དང་འཁྲིལཝ་ད་ དུས་ཚོད་དང་འཁྲིལ་ཏེ་ར་ འགོ་འདྲེན་འཐབ་དགོཔ་ལས་ ཕར་འགྱངས་འབད་མ་ཚུགས་ཟེར་ཨིན་པས།
ཕྱོགས་མདའ་དེ་ཡང་ སྤྱི་ཟླ་༥ པའི་ཚེས་༢༠ དང་༢༥ ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment