གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་ཚུ་གིས་ ཚོགས་རྒྱན་ཚུ་ བརྟག་ཤིང་དཔྱད་དེ་ བཙུགས་དགོཔ།

༢༤/༥/༢༠༡༣   ༉ སྤྱི་ཚོགས་༢ པའི་རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ དོ་འགྲན་འབད་མི་ སྲིད་ཚོགས་༤ གི་ གཙོ་འཛིན་ཚུ་གིས་ མོང་སྒར་རྫོང་ཁག་བཟུམ་ཅིག་ནང་འབད་བ་ཅིན་ ཁོང་རའི་ཚོགས་པའི་ལྟ་བ་དང་ དམིགས་ཡུལ་ དེ་ལས་ ལྕོགས་གྲུབ་ཚུ་གི་སྐོར་ལས་ མི་སེར་ཚུ་ལུ་ གསལ་བཤད་འབད་ཚརཝ་ལས་ སྲིད་དོན་ཚོགས་པ་ག་ལུ་ ལྕོགས་གྲུབ་འདུག་ག་དང་ ག་ལུ་བཙུགས་ནི་ཨིན་ན་ ཧ་གོ་ཡོདཔ་ཨིན་པས།
དམངས་གཙོ་ཚོགས་པའི་གཙོ་འཛིན་གྱིས་ མི་མང་དང་ འབྲེལ་བ་འཐབ་པའི་བསྒང་།


དེ་ཡང་ སྲིད་དོན་ཚོགས་པ་ཚུ་གི་གྲས་ལས་ མཇུག་ར་ མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ སྤྱི་ཟླ་འདི་གི་ ཚེས་༢༢ ལུ་ མོང་སྒར་གྱི་མི་སེར་ཚུ་དང་ཕྱད་ཡོདཔ་ད་ མི་སེར་ཚུ་གིས་ སླབ་མིའི་ནང་ གཙོ་འཛིན་༤ པོ་ཆ་ར་གི་ ལྕོགས་གྲུབ་ལུ་ལྟ་སྟེ་ ངལ་རངས་དགོཔ་ཡོད་རུང་ འདེམས་ངོ་ལ་ལུ་ཅིག་ལུ་ལྟ་སྟེ་ ཐེ་ཚོམ་ཟ་དོ་ཡོད་ཟེར་ཨིན་པས།
ད་ལྟོ་ཚུན་ གཙོ་འཛིན་༤ པོ་ཆ་རའི་ གསལ་བཤད་ནང་ བཅའ་མར་གཏོགས་མི་ཅིག་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ སྲིད་དོན་ཚོགས་པ་༤ པོ་ཆ་ར་ལུ་ ལྕོགས་གྲུབ་ཡོདཔ་མཐོང་མི་དེ་ཡང་ གསལ་བཤད་ཚུ་ མི་སེམས་ལྷུ་ཚུགས་པའི་ གསལ་བཤད་མ་གཏོགས་མེདཔ་ལས་ ག་ར་གིས་ ཚོགས་རྒྱན་དགོ་ནི་ཨིན་རུང་ འདེམས་ངོ་ལ་ལུ་ཅིག་ལུ་ལྟ་སྟེ་ ཚོགས་རྒྱན་བྱང་ནི་བཟུམ་ཅིག་འདུག་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ དུས་ཅི་ རྒྱལ་ཁབ་ནང་ སྲིད་དོན་ཚོགས་པ་༤ ཡོདཔ་ལས་ མི་སེར་ཚུ་གིས་ ཚོགས་རྒྱན་དེ་ བརྟག་ཤིང་ལེགས་ཤོམ་སྦེ་དཔྱད་དེ་ ཚོགས་རྒྱན་བཙུགས་ནི་མ་གཏོགས་ མི་གཅིག་དང་༢ ཀྱི་ ངོ་གསོ་ལུ་ལྟ་སྟེ་ ཚོགས་རྒྱན་བཙུགས་ནི་མི་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྲིད་ཚོགས་ག་ཅི་བཟུམ་ཅིག་ལུ་ ལྟ་དགོཔ་སྨོ་ཟེར་བ་ཅིན་ དང་པ་ར་ ཚོགས་པའི་ལྟ་བ་དང་ ཁས་བླངས་ དེ་ལས་ ལྕོགས་གྲུབ་ལུ་ ལྟ་དགོ་ཟེར་ཨིནམ་ལས་ དེ་ཚུ་ ཕུན་སུམ་མ་ཚོགས་པ་ཅིན་ རྒྱལ་ཁབ་ནང་ མི་སེར་ལུ་ཕན་ཐོགས་མི་ཚུགས་ནི་ཨིནམ་ལས་ སྲིད་ཚོགས་དེ་ རྒྱལ་ཁབ་ནང་གི་ མི་སེར་ཚུ་ལུ་ ཕན་ཐོགས་པའི་ སྲིད་ཚོགས་ཅིག་ བཙག་འཐུ་འབད་དགོ་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ལྟ་བ་དེ་ཡང་ མི་སེར་ཚུ་ལུ་ དབང་ཚད་ཕྱིར་སྤེལ་བྱིན་ནི་དེ་ཨིནམ་ལས་ མི་སེར་གྱི་བདེ་སྡུག་དང་ གོང་འཕེལ་གྱི་འགྱུར་བ་ཚུ་ དབང་ཚད་ཕྱིར་སྤེལ་ལུ་བརྟེན་འགྲུབ་ཚུགས་ཟེར་ཨིནམ་ད་ མི་སེར་ཚུ་ སྒྲིང་སྒྲིང་བཟོ་དགོ་པ་ཅིན་ ས་གནས་ཀྱི་གཞུང་སྒྲིང་སྒྲིང་དགོ་ནི་ཨིནམ་ལས་ ས་གནས་གཞུང་གི་འཐོབ་ལམ་ཚུ་ ལེགས་ཤོམ་བཟོ་ནི་ཟེར་ཨིན་པས།
གཙོ་འཛིན་གྱིས་ སླབ་མིའི་ནང་ གལ་སྲིད་ བཙག་འཐུ་འགྲུབ་ཚུགས་པ་ཅིན་ ས་གནས་གཞུང་ལུ་ དབང་ཚད་བྱིན་ནིའི་དོན་ལུ་ རྒེད་འོག་རེ་ནང་ མ་དངུལ་དངུལ་ཀྲམ་ས་ཡ་༢ རེ་བྱིན་ནི་ཨིན་ཟེར་ཨིནམ་ད་ དེ་ཡང་ མི་སེར་ཚུ་གི་གནས་སྟངས་དེ་ ཁོང་གིས་ ཧ་དགོ་མི་ལུ་བརྟེན་ ཡར་རྒྱས་གོང་འཕེལ་དང་ མི་སེར་གྱི་དཀའ་ངལ་ཚུ་ འཕྲལ་དང་འཕྲལ་ར་ བསལ་ཚུགས་མི་དེ་ ས་གནས་གཞུང་ཨིན་ཟེར་ཨིན་པས།
མི་སེར་ཚུ་ཡར་རྒྱས་བཏང་ཐབས་ལུ་ རྒེད་འོག་རེ་ནང་ སྣུམ་འཁོར་བཱོ་ལི་རོ་༡ དང་ སྤྱི་འོག་རེ་ནང་ འཕྲུལ་གླང་པ་ཝར་ཊེ་ལར་༡ སྤྲོད་ནི་ཨིནམ་མ་ཚད་ སོ་ནམ་དང་ སྒོ་ནོར་ལུ་ བཙོན་ཤུགས་བསྐྱེད་བཅུག་སྟེ་ རྒེད་འོག་རེ་ནང་ མི་༡ གིས་ འཛིན་སྐྱོང་འཐབ་ཚུགས་པའི་ དངུལ་ཁང་རེ་ གཞི་བཙུགས་འབད་ནི་ཟེར་ཨིན་པས།
རྒེད་འོག་ཚུ་གི་འཁོར་ལམ་ཚུ་རྩི་ནག་གཏང་ནི་དང་ མར་ཁུ་ཚུ་རྒེད་འོག་ལས་འཐོབ་ཚུགསཔ་བཟོ་ནི་ཟེར་ཨིནམ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ འདས་པའི་ལོ་༥ འི་ནང་ དོན་མེད་ཀྱི་ཟད་འགྲོ་བཏང་མི་ལུ་བརྟེན་ ད་ལྟོ་ རྒྱལ་ཁབ་དེ་ བུ་ལོན་གྱི་འོག་ལུ་ ཚུད་དེ་ཡོད་ཟེར་ཨིན་པས།
གལ་སྲིད་ མི་སེར་དམངས་གཙོ་ཚོགས་པ་དེ་ བཙག་འཐུ་འགྲུབ་པ་ཅིན་ ཤར་ཕྱོགས་ཁ་ཐུག་ལུ་ སྒེར་གྱི་མཐོ་རིམ་སློབ་གྲྭ་༣ དེ་ཅིག་བཙུགས་ཐོག་ལས་ ན་གཞོན་ཚུ་ ཕྱི་རྒྱལ་ཁབ་ནང་དཔེ་ཆ་ལྷབ་པ་འགྱོ་མ་དགོཔ་མ་ཚད་ ཟད་འགྲོ་ཡང་ འབྲུག་ལུ་ར་ལུས་ནི་ཨིནམ་ལས་ ཕྱི་དངུལ་གྱི་སྟབས་མ་བདེཝ་ཚུ་ བསལ་ཚུགས་ཟེར་ཨིནམ་ལས་ ཤར་ཕྱོགས་ལུ་ གོང་འཕེལ་བཏང་ཐབས་ལུ་ དམིགས་གཏད་སྦོམ་བསྐྱེད་ནི་ཟེར་ཨིན་པས།
དེ་མ་ཚད་ བཙག་འཐུ་འགྲུབ་ཚུགས་པ་ཅིན་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་བསྒང་གི་བར་ནའི་གཞུང་ལམ་དེ་ ལོ་༡ གི་ནང་འཁོད་ལུ་ བསལ་ཚུགསཔ་འབད་ནི་ཨིནམ་མ་ཚད་ རབ་འབྱུང་པ་ཅིན་ ཐིམ་ཕུ་དང་ བཀྲིས་བསྒང་གི་གཞུང་ལམ་དེ་ཡང་ རྒྱ་བསྐྱེད་འབད་ནི་དང་ དེ་མེན་རུང་ ལེགས་བཅོས་འབད་ནི་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment