གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གུ་རུ་སྣང་སྲིད་ཟིལ་གནོན་གྱི་ སྐུ་འདྲའི་ནང་ སྲོག་ཤིང་ཕུལ་ཡོདཔ།

༢༧/༥/༢༠༡༣   ༉ ཀུར་སྟོད་སྟག་སྐད་ལ་ལུ་ རིང་ཚད་ཕིཊ་༡༥༤ འབད་མི་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་འདྲ་དེ་ དུས་ཅི་ ལོ་མཇུག་བསྡུ་ཁམས་ཅིག་ཁར་ ཡོངས་རྫོགས་བསྒྲུབ་ཚུགས་ནི་ཨིནམ་ད་ སྤྱི་ཟླ་༥ པའི་ཚེས་༢༥ ལུ་ གཟའ་སྐར་ཕུན་སུམ་ཚོགས་པའི་ཉིནམ་ དུས་ཆེན་ལྔ་འཛོམས་དང་འབྲེལ་ སྐུའི་སྲོག་ཤིང་ཕུལ་གནང་བའི་སྐབས་ལུ་ ནང་རྟེན་གྱི་མཇལ་ཁ་ཞུ་མི་ དད་ཅན་གྱི་མི་སེར་ སྟོང་ཕྲག་ལས་བཅད་དེ་ འཛོམས་ཡོདཔ་ཨིན་པས།
གུ་རུའི་སྐུ་འདྲ་ནང་ སྲོག་ཤིང་ཕུལ་བའི་བསྒང་།


རིང་ཚད་ཕིཊ་༧༥ འབད་མི་ སྐུའི་སྲོག་ཤིང་དེ་ཡང་ བླམ་རྣམ་གྲོལ་བཟང་པོ་དང་ མཁན་པོ་དཀར་པོ་ དེ་ལས་ ལྷུན་རྩེ་རབ་སྡེའི་གནས་བརྟན་དང་ བླ་སློབ་ཚུ་གིས་ ཕུལ་ཡོདཔ་ཨིན་པས།
དེ་བཟུམ་གྱི་ སྲོག་ཤིང་ཕུལ་དགོ་མི་དེ་ཡང་ སྐུའི་སྲོག་ངོ་མ་ཨིནམ་ལས་ དེ་ནང་ རིང་བསྲེལ་རྩ་ཅན་༣ གྱིས་གཙོས་པའི་ གཞན་ཡང་ རིན་པོ་ཆེ་ལེ་ཤ་ཅིག་ར་ བཞུགས་སུ་གསོལ་ཡོདཔ་ལས་ མི་སེར་ཚུ་གིས་ ནང་རྟེན་ཚུ་ལས་ མཇལ་ཁ་དང་ དབང་ཚུ་ཞུ་ནིའི་ གོ་སྐབས་ཐོབ་ཚུགས་མི་ལུ་བརྟེན་ བསམ་པ་རྫོགས་ཡོདཔ་ཨིན་པས།
འཛམ་གླིང་ནང་ སྐུ་འདྲ་སྦོམ་ཤོས་ཅིག་འོང་ནི་ཨིན་མི་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་ སྐུ་འདྲ་དེ་ནང་ ལྷ་ཁང་༣ ཡོདཔ་ད་ སྟེང་ཐོག་ཆོས་སྐུའི་ལྷ་ཁང་དེ་ནང་ ཀུན་བཟང་ཡབ་ཡུམ་གྱིས་གཙོས་ རྒྱལ་བ་རིགས་ལྔའི་ སྐུ་འདྲ་ཚུ་བཞུགས་ནི་དང་ བར་ཐོག་ལོངས་སྐུའི་ལྷ་ཁང་ནང་ ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་ དེ་ལས་ ཐོག་དང་པ་ སྤྲུལ་སྐུའི་ལྷ་ཁང་ནང་ མཁན་སློབ་ཆོས་༣ བཞུགས་སུ་གསོལ་ནི་དེ་ལས་ འོག་ཐོག་དེ་ འགྲེམས་སྟོན་ཁང་སྦེ་ བཟོ་ནི་ཨིན་པས།
གུ་རུའི་སྐུ་འདྲ་དེ་ བཞེངས་ཚར་བའི་བསྒང་ལས་ ནང་པ་ཆོས་ལྡན་གྱི་ མི་སེར་ཚུ་ལུ་མ་ཚད་ ཕྱིའི་རྒྱལ་ཁབ་ཀྱི་དད་ཅན་ སྐྱ་སེར་ཕོ་མོ་ཡོངས་ཀྱིས་ འཇལ་ཚུགས་ནི་ཨིནམ་ལས་ ས་གནས་དེ་ ཡོངས་གྲགས་ཅན་ཅིག་ལུ་འགྱུར་ཏེ་ དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་སའི་ གནས་རྩ་ཅན་ཅིག་ལུ་འགྱུར་ནི་མས་ཟེར་ དད་ཅན་གྱི་མི་སེར་ཚུ་གིས་ སླབ་ཨིན་པས།
དེ་བཟུམ་གྱི་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་འདྲ་ཅིག་ ལྷུན་རྩེ་རྫོང་ཁག་གི་ས་གནས་ སྟག་སྐད་ལ་ལུ་ བཞེངས་དགོ་མི་དེ་ཡང་ དུས་རབས་༡༩ པའི་ནང་ རྫོགས་ཆེན་དང་ གཏེར་སྟོན་འཇམ་དབྱངས་མཁྱེན་རྩེ་དབང་པོ་དང་ འཇམ་མགོན་བཀོང་སྤྲུལ་ཚུ་གིས་ གོང་ས་ཨྱོན་དབང་ཕྱུག་ ཀྲོང་གསར་དཔོན་སློབ་སྦེ་ བཞུགས་པའི་སྐབས་ལུ་ ལུང་བསྟན་གནང་ནུག་ཟེར་ཨིན་པས།
དེ་མ་ཚད་ གཏེར་སྟོན་ལས་རབས་གླིང་པ་གིས་ ལུང་བསྟན་གནང་མི་ལས་འབད་རུང་ ཀུར་སྟོད་ལུང་པ་ལུ་ རྟ་དམག་འོང་ཟེར་ཡོདཔ་ལས་ བླ་མ་བསོད་ནམས་བཟང་པོ་གིས་ཡང་ དེ་བཟུམ་གྱི་ སྐུ་འདྲ་བཞེངས་དགོཔ་སྦེ་ གསུངས་ཡོདཔ་ལས་ རྟ་དམག་བཟློག་ཐབས་ལུ་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་ སྐུ་འདྲ་བཞེངས་ནི་ འགོ་བཙུགས་མི་གནད་དོན་དེ་ཨིན་ཟེར་ཨིནམ་ད་ དེ་བཟུམ་གྱི་ སྐུ་འདྲ་ཅིག་བཞེངས་ཚུགས་པ་ཅིན་ སྤྱིར་འཛམ་གླིང་དང་ བྱེ་བྲག་ཏུ་ སྨན་ལྗོངས་ཆོས་ལྡན་གྱི་རྒྱལ་ཁབ་ནང་ ནད་མུག་འཁྲུག་རྩོད་ཚུ་མེད་པར་ ཞི་བདེ་འབྱུང་ནིའི་ལུང་བསྟན་ཡོདཔ་ལས་བརྟེན་ཨིན་པས།
ནང་རྟེན་མཇལ་བར་འོང་མི་ཚུ་ཡང་ ལྷུན་རྩེ་རྫོང་ཁག་རྐྱངམ་གཅིག་གི་ མི་སེར་ཚུ་གིས་མ་ཚད་ ཉེ་འདབས་རྫོང་ཁག་གི་ མི་སེར་ཚུ་གིས་ཡང་ ནང་རྟེན་རྩ་ཅན་ཚུ་ལས་ དབང་ཞུ་ནི་དང་ སྨོན་ལམ་བཏབ་པར་འཛོམས་ཡོདཔ་ད་ ཁོང་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ ལོ་རྒྱུས་ར་གོ་མ་མྱོང་མི་ གཟི་མིག་༡༠༨ ལ་སོགས་པའི་ བྱིན་ཅན་གྱི་ནང་རྟེན་ཚུ་ མཇལ་ཁ་ཞུ་ནི་ཐོབ་ཡོདཔ་ལས་ བསམ་པ་རྫོགས་ཅི་ཟེར་ཨིན་པས།
གུ་རུ་སྣང་སྲིད་ཟིལ་གནོན་གྱི་ སྐུ་འདྲ་བཞེངས་ནིའི་དོན་ལུ་ ས་བླངས་ཀྱི་རྟེན་འབྲེལ་དེ་ སྤྱི་ལོ་༢༠༠༥ ལུ་ འགོ་བཙུགས་ཡོད་རུང་ ལཱ་ངོ་མ་དེ་ སྤྱི་ལོ་༢༠༠༨ ལས་བརྒལ་ འགོ་མ་བཙུགསཔ་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment