གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙག་འཐུའི་ལས་བྱེདཔ་ཚུ་ སྐྱེལ་འདྲེན་འབད་ནི་གི་ གོ་སྐབས་ཐོབ་མ་ཚུགསཔ།

༣༡/༥/༢༠༡༣   ༉ སྐྱེས་ལོ་༣༤ ལང་མི་ གླ་འཁོར་བཏང་མི་ ཨྱོན་གྱིས་ ཨ་རྟག་འབད་བ་ཅིན་ དྲོ་པའི་ཆུ་ཚོད་༨ དེ་ཅིག་ལུ་མ་གཏོགས་ ལོང་ནི་མེད་རུང་ ད་རེས་ནངས་པ་ དྲོ་པའི་ཆུ་ཚོད་༥ ལས་ར་ལོང་སྟེ་ གླ་འཁོར་བཞག་སའི་ས་ཁོངས་ནང་ འགྱོ་སར་མཐོང་མི་དེ་ཡང་ ད་རེས་ནངས་པ་ བཙག་འཐུའི་འུར་བྱེལ་ལུ་བརྟེན་ བཙག་འཐུའི་སྒྲིག་གཡོག་ནང་ བཅའ་མར་གཏོགས་མི་ཚུ་ ཕར་ཚུར་སྐྱེལ་འདྲེན་འབད་དོ་ཡོད་མི་ལུ་བརྟེན་ཨིན་པས།
མོང་སྒར་གྱི་ གླ་འཁོར་ཚུ།


ཨིན་རུང་ ཨྱོན་གྱིས་བསམ་དོན་གྲུབ་མ་ཚུགས་མི་དེ་ཡང་ མོང་སྒར་རྫོང་ཁག་གི་ བཙག་འཐུའི་འགོ་དཔོན་ཚུ་གིས་ རྫོང་ཁག་དེ་ནང་གི་ ཚོགས་རྒྱན་ས་ཁོངས་༧༦ ཡོད་མིའི་ནང་ སྒྲིག་གཡོག་རྒྱུག་མི་ཚུ་ལུ་ གླ་འཁོར་ཚུ་གླ་ཁར་མ་ལེན་པར་ སྒེར་གྱི་སྣུམ་འཁོར་ གླ་ཁར་ལེན་ཡོདཔ་ལས་ གླ་འཁོར་བཏང་མི་ཚུ་ སེམས་མ་དགའ་བར་ཡོདཔ་ཨིན་པས།
དེ་ཡང་ གླ་འཁོར་འདེད་གཡོགཔ་ཚུ་གིས་ སླབ་མིའི་ནང་ མ་གཞི་ གླ་འཁོར་ཚུ་ དེ་བཟུམ་གྱི་གནས་སྟངས་སྐབས་ལུ་ མི་མང་སྐྱེལ་འདྲེན་གྱི་ཞབས་ཏོག་ བྱིན་ནི་ལུ་གྲ་སྒྲིག་ཡོད་རུང་ འགོ་དཔོན་ཚུ་གིས་ སྒེར་གྱི་སྣུམ་འཁོར་ཚུ་ གླ་ཁར་ལེན་ཏེ་ སྒྲིག་གཡོག་རྒྱུག་མི་ལུ་ལྟ་བ་ཅིན་ རྩ་ལས་ར་ མ་བཏུབ་ཅིག་ཡོདཔ་མ་ཚད་ སྒེར་གྱི་སྣུམ་འཁོར་དེད་གཡོགཔ་ཚུ་ གླ་འཁོར་གྱི་དེད་གཡོགཔ་ཚུ་བཟུམ་སྦེ་ ཁྱད་རིག་གི་ལག་ཁྱེར་མེདཔ་ལས་ ཉེན་ཁ་ཡང་ཡོད་ཟེར་ཨིན་པས།
ཨིན་རུང་ མོང་སྒར་གྱི་ བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མོང་སྒར་གྱི་གླ་འཁོར་ཚུ་ བཙག་འཐུའི་སྒྲིག་གཡོགཔ་ཚུ་སྐྱེལ་འདྲེན་འཐབ་མ་ཚུགས་མི་དེ་ཡང་ འདས་པའི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་སྐབས་ལུ་ གླ་འཁོར་ཚུ་གིས་ གླ་ཆ་དེ་ ལོག་ལྟབ་ཡར་སེང་འབད་དེ་ ལེན་ཡོདཔ་ལས་ ཟད་འགྲོ་མར་ཕབ་འབད་ཐབས་ལུ་ སྒེར་གྱི་སྣུམ་འཁོར་ཚུ་ དྲག་པས་ཟེར་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱི་ཁ་ཐུག་ལས་ གླ་འཁོར་ཚུ་ལུ་ གོ་སྐབས་བྱིན་པའི་སྐབས་ལུ་ ཁོང་གིས་ ཟད་འགྲོ་དེ་ གཞུང་གི་བཏང་འོང་ཟེར་མནོ་སྟེ་ ཆ་གླ་ཚད་ལས་བརྒལ་ཏེ་ ཐེབས་ལེན་མི་ལུ་བརྟེན་ བྱ་སྟབས་མ་བདེ་བའི་གནས་ཐོན་ཡོདཔ་ལས་ ད་རེས་ སྒེར་གྱི་སྣུམ་འཁོར་ཚུ་ ལག་ལེན་འཐབ་དགོཔ་བྱུང་ཡི་ཟེར་ཨིན་པས།
མོང་སྒར་རྫོང་ཁག་ནང་ འདེམས་ཁོང་༣ ཡོདཔ་ད་ དེ་ཡང་ སྐྱེངས་མཁར་- ཝེ་རིང་ལ་འདེམས་ཁོངས་དང་ མོང་སྒར་འདེམས་ཁོངས་ དེ་ལས་ དགྲ་མེད་རྩེ་- སྔ་ཚང་འདེམས་ངོ་༣ ཨིནམ་བཞིན་དུ་ འདེམས་ཁོངས་༣ ནང་ བསྡོམས་ཀྱིས་ ཚོགས་རྒྱན་ས་ཁོངས་༧༦ ཡོདཔ་ལས་ དེ་ཁར་ ཚོགས་རྒྱན་གྱི་སྒྲིག་རྒྱུག་ནིའི་དོན་ལུ་ ལས་བྱེདཔ་༦༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
སྒྲིག་གཡོག་རྒྱུག་མི་ཚུ་ཡང་ མང་ཤོས་ར་ སློབ་གྲྭའི་སློབ་དཔོན་ཚུ་ཨིནམ་ལས་ རྫོང་ཁག་དེ་ནང་གི་ སློབ་གྲྭ་མང་ཤོས་ཅིག་ སྤྱི་ཟླ་༥ པའི་ཚེས་༢༨ ལས་ ངལ་གསོ་བཏང་ཡོདཔ་ད་ ལོག་སྟེ་ རེས་གཟའ་ཟླ་བ་ལུ་ འཛོམས་ནི་ཨིནམ་བཞིན་དུ་ ཚོགས་རྒྱན་གྱི་ས་ཁོངས་ཚུ་ཡང་ སྒྲིག་མ་རྒྱུག་མི་ཚུ་གིས་ ཁ་ཙ་ ཕྱི་རུ་ལས་ རང་སོའི་ས་ཁོངས་ནང་ ལྷོད་དེ་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment