གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་པོ་སྐྱོན་ཅན་ཅིག་གིས་ སེམས་ཀྱི་ཞི་བདེ་གླུ་དབྱངས་ གཞི་བཙུགས་འབད་ཡོདཔ།

༢༣/༥/༢༠༡༣   ༉ སྐྱེས་ལོ་༢༦ ལང་མི་ འཇིགས་མེད་རྣམ་རྒྱལ་གྱིས་ ཁོ་ར་བཟུམ་མའི་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ སེམས་ཀྱི་ཞི་བདེ་དང་ སྤྱིར་བཏང་མི་ཚུ་དང་ འདྲ་མཉམ་སྦེ་ སྡོད་ཚུགསཔ་བཟོ་ནིའི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ སེམས་ཀྱི་ཞི་བདེ་གླུ་དབྱངས་ཟེར་མི་ སློབ་སྦྱོང་ཁང་ཅིག་ གཞི་བཙུགས་འབད་ཡོདཔ་ཨིན་པས།
དབང་པོ་སྐྱོན་ཅན་ཚུ་གིས་ སྙན་ཆ་དཀྲོགས་ཏེ་ ཞབས་ཁྲ་འཐེན་པའི་བསྒང་།


འཇིགས་མེད་རྣམ་རྒྱལ་གྱིས་ སླབ་མི་དང་འཁྲིལཝ་ད་ མཁའ་གླིང་མུན་གསལ་གླིང་སློབ་གྲྭའི་ སློབ་རིམ་༡༠ པ་མཐར་འཁྱོལ་མི་དང་ ཕམ་ཡ་བྲལ་སོང་མིའི་བུ་གཞི་ དབང་པོ་ལུ་ཐོག་ཕོག་མི་ དེ་ལས་ བར་ན་སྐོརམ་ལས་ དབང་པོ་ལུ་ སྐྱོན་ཞུགས་མི་ཚུ་གི་དོན་ལུ་ མི་ཚེ་ སྔར་ག་ཨིནམ་སྦེ་ སེམས་ལུ་དགའ་བ་དང་ ལུས་ལུ་ བདེ་བ་སྤྱོད་ཐབས་ཀྱི་དོན་ལས་ ཁོང་ལུ་ གོ་སྐབས་སྤྲོད་དོ་ཟེར་ཨིན་པས།
དེ་ཡང་ ཆུང་ཀུའི་བསྒང་ དབང་པོ་ལུ་ སྐྱོན་མེད་དེ་འབད་རུང་ བར་ན་སྐོརམ་ལས་ བར་རྐྱེན་བྱུང་མི་ལུ་བརྟེན་ དབང་པོ་ལུ་ ཐོག་ཕོག་པའི་ཤུལ་ལུ་ ཕམ་གྱིས་ བྱམས་བརྩེ་འབད་མ་ཚུགས་ ལ་ལུ་ཅིག་ ཕམ་ཡ་བྲལ་སོང་མི་ལུ་བརྟེན་ སྐྱིད་ཉམས་སྦེ་ སྡོད་ནིའི་དུས་ཚོད་མ་བྱུངམ་ལས་ རང་སྲོག་བཅད་རུང་ བློ་འགྱོད་མེད་པའི་ བྱ་བ་ལུ་ཐུག་མི་ཚུ་གི་དོན་ལུ་ འགོ་འབྱེད་འབད་ཡོདཔ་ཨིན་པས།
གླུ་དབྱངས་དེ་ནང་ སྐྱེས་ལོ་༡༨ ལས་༢༧ ལང་མི་ ཨམ་སྲུ་༢ དང་ ཕོ་སྐྱེས་༥ ཡོདཔ་ད་ ཐིམ་ཕུ་གླང་རྒྱུག་ཕར་ཁ་ མང་སྡེ་ཆུ་ གློག་མེ་ལས་འགུལ་སྒྲིང་ཁྱིམ་གྱི་ ལྟག་ལུ་ཡོད་པའི་ སྒྲིང་ཁྱིམ་དམརཔོ་ནང་སྦེ་ གཞི་བཙུགས་འབད་ནུག།
འཇིགས་མེད་རྣམ་རྒྱལ་གྱིས་ དམིགས་བསལ་དུ་ དབང་པོ་སྐྱོན་ཚུ་གི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་རུང་ གཙོ་བོ་ར་ འབྲུག་དབང་པོ་སྐྱོན་ཅན་ཚོགས་པའི་ལྟ་བ་དང་ འཆར་གཞི་ དེ་ལས་ ལས་སྣ་ཚུ་གི་གྲས་ལས་ ཁོ་གིས་ གཞི་བཙུགས་འབད་མི་གིས་ དམིགས་ཡུལ་གྲུབ་ཚུགསཔ་མ་ཚད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གཞི་རྩ་ཡང་ འགྲུབ་ཚུགས་ནི་ལུ་ དམིགས་གཏད་བསྐྱེད་དེ་ ཡོད་ཟེར་ སླབ་ཨིན་པས།
ཁོ་གིས་ འབྲུག་དབང་པོ་སྐྱོན་ཅན་ཚོགས་པའི་ནང་ མ་དངུལ་གྱི་རྒྱབ་སྐྱོར་འཚོལ་བའི་སྐབས་ བློ་གཏད་མ་དངུལ་དངུལ་ཀྲམ་༥༠,༠༠༠ བྱིན་ཡོདཔ་མ་ཚད་ སྙན་ཆའི་རིགས་ སྒྲ་སྙན་དང་ སྤྱི་ཝང་ གླིངམ་ དེ་ལས་ དབྱངས་ཅན་ཚུ་ བྱིན་ཡོདཔ་ཨིན་པས།
དབང་པོ་སྐྱོན་ཅན་ཚུ་གིས་ འོང་འབབ་བཟོ་ནིའི་དོན་ལུ་ ད་རེས་ནངས་པ་ གཞུང་སྒྲ་དང་ བོད་སྒྲ་ དེ་ལས་ སྙན་ཆ་དཀྲོགས་ནིའི་ སྦྱོང་བརྡར་ཚུ་ འབད་བའི་བསྒང་ཡོདཔ་མ་ཚད་ གཞུང་དང་ སྒེར་སྡེ་ དེ་ལས་ ལས་སྡེའི་འགོ་དཔོན་ཚུ་གི་ ཚོགས་སྟོན་དང་ དགའ་སྟོན་ལས་རིམ་ཚུ་ནང་ འབྲེལ་གཏོགས་འབད་ནིའི་དོན་ལུ་ ལས་སྡེའི་འགོ་དཔོན་ཚུ་དང་ ཁ་སླབ་སྟེ་ ཡོདཔ་ཨིན་པས།
ཁོང་གི་གྲས་ལས་ ལ་ལུ་ཅིག་གིས་ གློག་བརྙན་ནང་ཡང་ འབྲེལ་གཏོགས་འབད་དོ་ཡོདཔ་ལས་ དེ་གིས་ མ་འོངས་པའི་ནང་ དེ་བཟུམ་མའི་ དཀའ་ངལ་འབྱུང་མི་ཚུ་ལུ་ ལཱ་གི་གོ་སྐབས་དང་འབྲེལ་ རང་མགོ་རང་འདྲོངས་བཟོ་ནིའི་དོན་ལུ་ ཕན་ཐོགས་ཚུགས་པའི་ལཱ་ཚུ་ འབད་དོ་ཟེར་ འགོ་འདྲེན་འཐབ་མི་ འཇིགས་མེད་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།
སྐྱེས་ལོ་༢༥ འབད་མི་ ཆུ་ཁ་རྫོང་ཁག་ དར་ལ་ལས་ དཱན་བྷ་དུར་གྱིས་ སླབ་མིའི་ནང་ ལོ་༧ སྦེ་ སྡོད་པའི་སྐབས་ ཁྱིམ་ཐོག་ཁ་ལས་ རྦོབ་རིལ་སོང་བའི་ཤུལ་ལུ་ མིག་ཏོ་གུ་ སྐྱོན་ཞུགས་པའི་ཤུལ་ལུ་ མཁའ་གླིང་མུན་གསལ་གླིང་སློབ་གྲྭ་ ནང་སློབ་རིམ་༤ པ་ཚུན་ དཔེ་ཆ་ལྷབ་ཅི་ཟེར་ཨིན་པས།
རྩི་རང་ གསེར་གྱི་ཐང་ལས་ སྐྱེས་ལོ་༢༧ ལང་མི་ མིག་དམར་དབང་མོ་གིས་ འབད་བ་ཅིན་ མོ་ར་ ཨའི་གིས་སྐྱེས་བའི་བསྒང་ལས་ར་ མིག་ཏོ་ལུ་སྐྱོན་ཞུགས་ཡོདཔ་ལས་ མཁའ་གླིང་མུན་གསལ་གླིང་ སློབ་གྲྭ་ནང་ སློབ་རིམ་༡༠ པ་ཚུན་ ཤེས་ཡོན་སྦྱངས་པའི་ཤུལ་ལུ་ ལཱ་གཡོག་ག་ནི་ཡང་མེད་པར་ སྡོད་ཅི་ཟེར་ཨིན་པས།
བུམ་ཐང་སྟང་ལས་ཨིན་མི་ འཇིགས་མེད་རྣམ་རྒྱལ་དེ་ ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང་བཤད་གྲྭ་ནང་ འཛིན་རིམ་༦ པ་ནང་ དཔེ་ཆ་ལྷབ་སྡོད་པའི་སྐབས་ མིག་ཏོ་ལུ་ སྐྱོན་ཞུགས་ཡོདཔ་ལས་ མཁའ་གླིང་མུན་གསལ་གླིང་སློབ་གྲྭ་ནང་སོང་སྟེ་ སློབ་སྦྱོང་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༢ ལུ་ ཁོ་ལུ་ རྒྱབ་སྐྱོར་འབད་མི་ ཨ་ཞང་དེ་ ཚེ་འདས་སོང་ཞིནམ་ལས་ཚུར་ ཁོ་ལུ་ དཀའ་ངལ་བྱུང་ཡོདཔ་ལས་ ཁོ་གིས་ ཐབས་ཤེས་དང་ འཆར་གཞི་ དེ་ལས་ རྒྱབ་སྐྱོར་འཚོལ་ཏེ་ ད་རེས་ སྦཡོང་བརྡར་ཁང་དེ་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
ད་རེས་ནངས་པ་ ཁོང་ཆ་ཁྱབ་ ལྟོ་འབད་ནི་དང་ སྙན་ཆ་དཀྲོགས་ནི་ ཉལ་ས་ དེ་ལས་ སྦྱང་བ་འབད་ས་ཚུ་ག་ར་ ཁོང་ར་ཆ་ཁྱབ་ཀྱིས་ ཐབས་སྒྲིག་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment