གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡུས་སྟོངམ་ལུས་མི་ རྒེད་འོག་ནང་ འཁོར་ལམ་དང་ གློག་མེའི་མཐུན་རྐྱེན་ལྷོད་དོ་ཡོདཔ།

༡/༥/༢༠༡༣   དེ་གིས་ གནས་སྤོ་སོང་མི་ཚུ་ རང་གི་གཡུས་ཁར་ ལོག་འོང་ནི་ལུ་ སེམས་ཤུགས་བསྐྱེད་ཚུགས་ནི་ཨིན་ན?
༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ བསམ་རང་རྒེད་འོག་ནང་ འཁོར་ལམ་དང་ གྲོང་གསེབ་གློག་མེ་བཀྲམ་སྤེལ་གྱི་ མཐུན་རྐྱེན་ཚུ་ ལྷོད་དོ་ཡོདཔ་ལས་ གཡུས་སྟོང་བཞག་སྟེ་ ས་གནས་གཞན་ཁ་ལས་ཕར་ གནས་སྤོ་སོང་མི་ གྲོང་གསེབ་མི་སེར་ལེ་ཤ་ཅིག་ ལོག་འོང་ནི་གི་ འོས་འབབ་ཡོདཔ་ཨིན་པས།
བསམ་རང་ལུ་ རི་དྭགས་གླངམོ་ཆེ་ཚུ་གིས་ གནོདཔ་བཀལ་ཉེན་ཡོད་མི་ལུ་བརྟེན་ མི་སེར་ཚུ་གིས་ ཁྱིམ་མང་ཤོས་ར་ བཟོ་བཀོད་འདི་བཟུམ་རྐྱབ་ཡོད་པའི་མཐོང་སྣང་།


དེ་ཡང་ ས་ཆའི་ཆགས་ཚུལ་ ཐང་སྦེ་ཡོད་མི་ བསམ་རང་རྒེད་འོག་ནང་ ཁྱིམ་གུང་༢༡ རྐྱངམ་གཅིག་ ལུས་མི་ཚུ་གིས་ གནས་སྤོ་སོང་མི་ཚུ་ ལོག་འོང་ནི་གི་ རེ་བ་བསྐྱེདཔ་ཨིན་པས།
ད་ལྟོ་ བསུབས་ཏེ་ཡོད་མི་ འཁོར་ལམ་གསརཔ་སེལ་མི་ལས་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ ལམ་འགྱོ་དགོ་པའི་ བསམ་རང་རྒེད་འོག་ནང་ཡོད་མི་ གཡུས་ཁྱིམ་ཚུ་ ཁ་གཏོར་ཏེ་ཡོདཔ་ལས་ ཁྱིམ་རེ་གཉིས་ལས་བརྒལ་ མཐོང་ནི་མེདཔ་ཨིན་པས།
དེ་མ་ཚད་ བསམ་རང་དེ་ རྒྱལ་ཁབ་ནང་ རྒེད་འོག་ཚུ་གི་གྲས་ལས་ རྒེད་འོག་ཆུང་ཤོས་ཅིག་ཨིན་པའི་ཁར་ མི་རློབས་ཡང་༢༠༠ དེ་ཅིག་མ་གཏོགས་མེདཔ་ཨིན་པས།
དེ་ལས་ གཞི་རྟེན་མཐུན་རྐྱེན་ཚུ་གི་གྲས་ལས་ སྨན་སྤྲོད་ཁང་༡ དང་ ཡན་ལག་སློབ་གྲྭ་༡ ཡོདཔ་ད་ བསམ་རང་གི་ མི་སེར་ཚུ་ གཟུགས་ཁམས་འཕྲདོ་བསྟེན་ཞིབ་དཔྱད་རྐྱབ་པར་ བསམ་གྲུབ་ཆོས་གླིང་སྨན་ཁང་ནང་ དུས་ཡུན་ཆུ་ཚོད་༥ དེ་ཅིག་ ལམ་འགྱོ་དགོཔ་ཨིན་པས།
གྲོང་མི་རྒན་ཤོས་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ རྒེད་འོག་དེ་ནང་ ཁྱིམ་གུང་ལེ་ཤ་ཡོདཔ་མ་ཚད་ མི་རློབས་ཡང་ མངམ་ཡོད་རུང་ སྤྱི་ལོ་༡༩༩༠ གི་བྱེལཝ་ཐོན་པའི་ཤུལ་ལས་ གྲོང་གསེབ་མི་སེར་ལེ་ཤ་ཅིག་གིས་ ཞིང་སྟོང་བཞག་སྟེ་ གནས་སྤོ་ཡར་སོ་ཡི་ཟེར་ཨིན་པས།
སྤྱི་ལོ་༢༠༠༣ ལུ་ རྒེད་འོག་ནང་ ཁྱིམ་གུང་༥༣ ལུས་མི་ཚུ་ གླངམོ་ཆེ་གིས་ ཉིན་བསྟར་བཞིན་དུ་ གནོདཔ་བཀལ་མི་ལུ་བརྟེན་ བདེཝ་སྐྱིདཔ་རྩ་ལས་མེདཔ་བཟོ་ཡོདཔ་ད་ བསམ་རང་ལུ་ མི་རློབས་ལས་ གླངམོ་ཆེ་མངམ་ཡོད་ནི་དེ་གིས་ ཉིན་ནུབ་མེད་པར་ ཨ་རྟག་ར་ རི་ཁའི་གླངམོ་ཆེ་དང་ གདོང་ཐུག་འབད་ནི་ཡོད་ཟེར་ སྐྱེས་ལོ་༨༠ ལང་མི་ ཨ་ཤཱལ་ བྷ་དུར་སུ་བྷ་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྷོ་མཚམས་ཀྱི་ བྱེལཝ་མཇུག་བསྡུ་ཞིནམ་ལས་ རྒེད་འོག་ནང་ ཁྱིམ་གུང་༥༣ ལུས་ཡོད་མི་ལས་ ད་རུང་ ཁྱིམ་གུང་༣༢ གཡུས་སྤངས་ཏེ་ ས་གནས་གཞན་ཁར་ གནས་སྤོ་ཡར་སོ་ཡི་ ཟེར་ཨིནམ་ད་ བསམ་རང་ལས་ གནས་སྤོ་སོང་མི་ མང་ཤོས་ར་ པདྨ་ཐང་དང་ ཕུན་ཚོགས་ཐང་རྒེད་འོག་ནང་ གཞིས་ཆགས་ནུག་ཟེར་ཨིན་པས།
བསམ་རང་གི་ སྤྱི་འོག་༢ གཡུས་སྟོང་ལུས་ཡོདཔ་ལས་ རི་དྭགས་གླངམོ་ཆེ་འཁྱམས་སའི་ སྡོད་གནས་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན་པས།
བསམ་རང་དེ་ རྒྱལ་ཁབ་ཀྱི་ རྒེད་འོག་༢༠༥ གི་གྲངས་སུ་ ཚུད་ཡོད་རུང་ ལོ་ལྔའི་འཆར་གཞི་༡༠ པའི་འཆར་གཞི་ལས་རིམ་ཚུ་ ག་ནི་ཡང་ བརྩམས་བརྩམ་མེདཔ་ལས་ གོང་འཕེལ་གྱི་ ལས་སྣ་ལེ་ཤ་ཅིག་ ལག་ལེན་མེད་པར་ ལུས་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ རྫོང་ཁག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ས་གནས་གཞུང་གི་ བཙག་འཐུ་མ་འབད་ཚུན་ཚོད་ བསམ་རང་དེ་ ཉེ་འདབས་ཀྱི་རྒེད་འོག་ པདྨ་ཐང་གི་ རྒཔོ་གིས་ ལྟ་རྟོག་འབད་ནུག་ཟེར་ཨིན་པས།
དེ་བསྒང་ བསམ་རང་དེ་ རྒེད་འོག་མེནམ་ལས་ འཆར་གཞི་ལོགས་སུ་སྦེ་ བརྩམས་ཏེ་མིན་འདུག་ཟེར་ འཆར་གཞི་འགོ་དཔོན་ བཀྲིས་ཀྱིས་ བཤད་པའི་ཁར་ རྒེད་འོག་གཞན་ཚུ་ལུ་ གོང་འཕེལ་གྱི་ འཆར་དངུལ་ས་ཡ་༣༠ དེ་ཅིག་ཡོད་རུང་ བསམ་རང་གི་དོན་ལུ་ འཆར་དངུལ་ས་ཡ་༢.༨༥ མ་གཏོགས་མེད་ཟེར་ སླབ་ཨིན་པས།
བསམ་རང་ལུ་ ཞིང་ལམ་སེལ་མི་དེ་ ལམ་ཕྱེད་ཀ་ལས་ བསུབས་ཡོད་རུང་ གྲོང་གཡུས་མི་སེར་ཚུ་གིས་ དུས་ཡུན་ཆུ་ཚོད་༢ ལམ་འགྱོ་དགོ་པའི་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇ་རིབ་ལུ་ ཉོ་ཚོང་རྐྱབ་པར་ འགྱོ་ནི་གི་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་པས།
དྲུང་ཁག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༣ ལུ་ སྲུང་སྐྱོབ་ཀྱི་ དཀའ་ངལ་ཚུ་ ཐོན་མི་ལུ་བརྟེན་ ས་མཚམས་ནང་ འགྱོ་ནི་དེ་ བཀག་དམ་འབད་ཡོད་རུང་ མི་སེར་ཚུ་ ཉོ་ཚོང་རྐྱབ་པར་ འགྱོ་ནི་འདུག་ཟེར་ཨིན་པས།
ཨིན་རུང་ གྲོང་གསེབ་མི་སེར་ཚུ་གིས་ འབད་བ་ཅིན་ རྒྱ་གར་གྱི་ཁྲོམ་ཁར་ དུས་ཡུན་ཆུ་ཚོད་༢ དེ་ཅིག་ལས་བརྒལ་ ལམ་འགྱོ་མ་དགོ་པའི་ཁར་ ཅ་ཆས་ཚུ་ཡང་ རིན་གོང་ཁེ་ཏོག་ཏོ་སྦེ་ཉོ་ནི་ ཐོབ་པས་ཟེར་ཨིནམ་ད་ བསམ་གྲུབ་ཆོས་གླིང་དྲུང་ཁག་ནང་ འགྱོ་དགོ་པ་ཅིན་ དུས་ཡུན་ཆུ་ཚོད་༦ ལྷགཔ་ཅིག་ ལམ་འགྱོ་དགོཔ་མ་ཚད་ ཅ་ཆས་ཅོག་གཅིགཔོ་ལུ་ གོང་ཚད་གསུམ་ལྟབ་སྤྲོད་དེ་ ཉོ་དགོ་པས་ཟེར་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment