གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༡/༥/༢༠༡༣   སྲིད་དོན་ཚོགས་པ་ཚུ་ལུ་ དུས་ཚོད་གངམ་མེདཔ།
༉ ད་རིས་ཀྱི་ དུས་ཚོད་འདི་ སྲིད་དོན་ཚོགས་པ་༥ གི་དོན་ལུ་ སེམས་འཚུབ་ཆེ་བའི་ གནས་སྟངས་ནང་ ལྷོད་ཡོད་མི་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༢༩ ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་དང་ སྤྱིར་བཏང་བཙག་འཐུའི་ནང་ དོ་འགྲན་འབད་ནི་གི་ རེ་འདོད་ཡོད་མི་ ཐོ་བཀོད་གྲུབ་པའི་ སྲིད་ཚོགས་ཚུ་གིས་ ལྷན་ཚོགས་ལུ་ དོ་འགྲན་ཁས་ལེན་ཡི་གུ་བཙུགས་ནིའི་ མཐའ་མཇུག་ཚེས་གྲངས་དེ་ སྤྱི་ཟླ་༥ པའི་ཚེས་༥ ལུ་ཨིནམ་སྦེ་ གསལ་བསྒྲགས་འབད་ནི་དེ་གིས་ཨིན་མས།


ཞག་དུས་བྱིན་མི་ལུ་ ལྟ་བ་ཅིན་ སྲིད་དོན་ཚོགས་པ་ཚུ་གིས་ རྫོང་ཁག་༢༠ གི་ འདེམས་ཁོངས་༤༧ ག་རའི་ནང་ འདེམས་ངོ་ཚང་དགོཔ་དང་ ཡིག་ཆ་ཕུལ་ནིའི་ བྱ་རིམ་ཚུ་ ཉིན་གྲངས་༥ གི་ནང་འཁོད་ལུ་ མཇུག་བསྡུ་དགོཔ་ཨིན་མས།
ད་ཚུན་གྱི་བར་ན་ ཐ་ན་ འཐུས་མི་མང་ཤོས་ཅིག་ར་ བཙག་འཐུའི་ནང་ ལོག་དོ་འགྲན་འབད་ནི་ཨིན་མི་ འབྲུག་ཕུན་སུམ་ཚོགས་པ་ལས་འགོ་བཙུགས་ སྲིད་ཚོགས་ཕུད་རྡོག་གཅིག་གིས་ར་ འདེམས་ངོ་༤༧ ཆ་མཉམ་ར་ ཚང་ཡོད་པའི་ གཞུང་འབྲེལ་ཐོག་ གསལ་བསྒྲགས་འབད་འབདཝ་མེདཔ་ཨིན།
འདས་པའི་བདུན་མཐའི་ནང་ འབྲུག་ཕུན་སུམ་ཚོགས་པའི་ ལྷན་འཛོམས་འཚོགས་པའི་སྐབས་ ཚོགས་པ་གིས་ སྤྱི་ཚོགས་༢ པའི་བཙག་འཐུའི་བྱ་རིམ་ནང་ བཅའ་མར་གཏོགས་ནི་ཨིན་པའི་ འདེམས་ངོ་གསརཔ་ལེ་ཤ་ཅིག་ར་ གསལ་སྟོན་འབད་ཡོད་རུང་ མི་ངོམ་༥ དེ་ཅིག་ གཏན་འཁེལ་འགྱོ་མ་ཚུགས་པར་ཡོདཔ་ད་ ཚོགས་པ་དེ་གིས་འབད་བ་ཅིན་ ཁོང་ལུ་ འདེམས་ངོ་མེདཔ་མིན་པར་ ཡོད་མི་ཚུ་ ག་གདམ་ནི་ཨིན་ན་ ཐག་བཏོག་མ་ཚུགས་པར་ ལུས་ཡོད་ཟེར་ཨིན་མས།
ཨིན་རུང་ ཚོགས་པའི་འདེམས་ངོ་ ཚོགས་དཔོན་བགྲེསཔ་དང་ ནང་སྲིད་བློན་པོ་བགྲེསཔ་༢ བཙག་འཐུའི་ནང་ ལོག་དོ་འགྲན་མི་འབད་ནི་ཨིནམ་ལས་ བཀྲིས་སྒང་རྫོང་ཁག་གི་ འདེམས་ཁོངས་གཉིས་ལས་ འོས་འབབ་ཅན་གྱི་ འདེམས་ངོ་འཚོལ་ཐོབ་པར་ ལཱ་ཁག་རྐྱབ་དོ་ཡོདཔ་ད་ སྲིད་དོན་ཚོགས་པ་ལེ་ཤ་ཅིག་གིས་ གཞུང་གི་ཆེ་མཐོའི་འགོ་དཔོན་ཅིག་ལུ་ ཁོང་གི་ སྲིད་ཚོགས་ནང་ འཛུལ་ཞུགས་འབད་དགོ་པའི་ སེམས་ཤུགས་བསྐྱེད་ཡོད་རུང་ འཕྲལ་ཁམས་ཅིག་ཁར་ ཁོ་གིས་ སྲིད་ཚོགས་གང་རུང་ནང་ འཛུལ་ནི་གི་ སྤྲོ་བ་མེད་ལུགས་ གསལ་བསྒྲགས་འབད་ཡི།
དེ་ལས་ འདས་པའི་ལོ་༥ གི་རིང་ རྒྱལ་ཁབ་ཀྱི་ ལྡོག་ཕྱོགས་ཚོགས་པ་ དང་པ་སྦེ་ ཕྱག་ཞུ་མི་ འབྲུག་མི་སེར་དམངས་གཙོའི་ཚོགས་པ་གིས་ ད་ཚུན་གྱི་བར་ན་ འདེམས་ངོ་༣༡ གཏན་འཁེལ་སོང་ཡོད་པའི་ གསལ་བསྒྲགས་འབད་ཡོད་རུང་ ཤར་ཕྱོགས་དང་ ལྷོ་མཚམས་རྫོང་ཁག་ལེ་ཤ་ཅིག་ནང་ འདེམས་ངོ་མེདཔ་ད་ ཚོགས་པ་དེ་གིས་འབད་བ་ཅིན་ འདེམས་ངོ་ཚུ་ཚངམ་སྦེ་ ངོས་འཛིན་འབད་དེ་ཡོད་ཟེར་ཨིན་མས།
སྲིད་དོན་ཚོགས་པ་གསརཔ་ཚུ་གི་གྲས་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ འདེམས་ངོ་༤༢ གཏན་འཁེལ་གྱི་ གསལ་བསྒྲགས་འབད་ཡོད་རུང་ ཐིམ་ཕུ་དང་ སྤ་རོ་ དབང་འདུས་ཕོ་བྲང་ མགར་ས་ མོང་སྒར་ལས་ འདེམས་ངོ་འཚོལ་དགོཔ་ཡོདཔ་ཨིན་མས།
འབྲུག་སྤྱིར་དབང་ཚོགས་པ་ལུ་ འདེམས་ངོ་༣༥ གཏན་འཁེལ་སོང་ཡོད་རུང་ མགར་ས་དང་ ཀྲོང་གསར་ པདྨ་དགའ་ཚལ་ མོང་སྒར་ བཀྲིས་སྒང་ ལྷུན་རྩེ་ ཐིམ་ཕུ་རྫོང་ཁག་ཚུ་ནང་ འདེམས་ངོ་མེདཔ་ཨིན་མས།
དེ་བཟུམ་སྦེ་ འབྲུག་ཀུན་མཉམ་པར་ཊི་གིས་ ད་ཚུན་གྱི་བར་ན་ འདེམས་ངོ་༣༡ གི་ ངོ་སྤྲོད་འབད་ཡོདཔ་ལས་ ད་རུང་ ལྷུན་རྩེ་དང་ མགར་ས་ སྤུ་ན་ཁ་ བུམ་ཐང་ ཀྲོང་གསར་ བཀྲིས་སྒང་ བསམ་གྲུབ་ལྗོངས་མཁར་ པདྨ་དགའ་ཚལ་རྫོང་ཁག་ཚུ་གི་ འདེམས་ཁོངས་ལ་ལུ་ཅིག་ནང་གི་ འདེམས་ངོ་ཚུ་ ངོ་སྤྲོད་འབད་དགོཔ་འདུག།
མགར་ས་རྫོང་ཁག་གི་ འདེམས་ཁོངས་༢ ནང་ མི་རློབས་ཉུང་བའི་ཁར་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ གྱངས་ཁ་ཆོདཔ་ཅིག་ལས་བརྒལ་མེད་ནི་དེ་གིས་ འདེམས་ངོ་ཐོབ་པར་ ལཱ་ཁག་རྐྱབ་ནི་བཟུམ་མཐོང་དོ་ཡོདཔ་ད་ ད་ལྟོ་ཚུན་ཚོད་ སྲིད་ཚོགས་༤ གིས་ ལུང་ནག་ནང་འདེམས་ཁོངས་ལས་ འདེམས་ངོ་༤ དང་ ལ་ཡ་འདེམས་ཁོངས་ལས་ འདེམས་ངོ་༢ རྐྱངམ་གཅིག་ཐོབ་ནུག།
དེ་ལས་ མོང་སྒར་རྫོང་ཁག་སྐྱེངས་མཁར་-ཝེ་རིང་ལ་འདེམས་ཁོངས་ལས་ འབྲུག་ཕུན་སུམ་ཚོགས་པ་རྐྱངམ་གཅིག་ལུ་མ་གཏོགས་ སྲིད་ཚོགས་གཞན་ཚུ་གིས་ འདེམས་ངོ་མེད་པའི་ གསལ་བསྒྲགས་འབད་ཡོདཔ་ད་ བཙག་འཐུ་ལྷན་ཚོགས་ཀྱིས་འབད་བ་ཅིན་ འགོ་ཐོག་བཙག་འཐུའི་ནང་ དོ་འགྲན་འབད་ནིའི་དོན་ལས་ དོ་འགྲན་ཁས་ལེན་ཡི་གུ་བཙུགས་མི་ཚུ་ ནན་ཞིབ་དམ་དམ་འབད་ནི་ཨིནམ་ལས་ འདེམས་ངོ་སྒྲིང་སྒྲིང་མེད་མི་དང་ རྒྱབ་སྣོན་ཡིག་ཆ་ཚུ་ མ་ཚང་པ་ཅིན་ ངོས་ལེན་འབད་ནི་གི་ ཉེན་ཁ་འདུག་ཟེར་ ཞུ་ནི་ཨིན།

No comments:

Post a Comment