གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡུས་ཚན་ནང་ གཞི་རྟེན་མཐུན་རྐྱེན་མེད་པར་ ཁྲོམ་ཁར་གནས་སྤོ་འགྱོ་དགོཔ་ཐོན་ཡོདཔ།

༡/༥/༢༠༡༣   ༉ དབང་འདུས་ཕོ་བྲང་ དྭངས་ཆུ་རྒེད་འོག་ རྟ་ས་གཡུས་ཚན་ནང་ ཁྱིམ་གུང་༡༧ ཡོད་ས་ལས་༡༡ གིས་ ཁྲོམ་ཁར་གནས་སྤོ་འགྱོ་མི་ལུ་བརྟེན་ ད་རེས་ གཡུས་ཚན་ནང་ ཁྱིམ་༨ སྟོངམ་སྦེ་ལུས་ཡོདཔ་ད་ ཁྱིམ་༣ རྩ་བ་ལས་བཤུབ་བཏང་ནི་དེ་གིས་ གྱང་འཁོགས་སྦེ་ ལུས་ཡོདཔ་ཨིན་པས།
རྟ་ས་གཡུས་ཚན་གྱི་ མི་ཚུ་གིས་ གཞིས་གསརཔ་ཆགས་མི་ ནོརབུ་སྡིངས་ཀྱི་ཁྱིམ་ཚུ།


དེ་ཡང་ མཐའ་ཟུར་གཡུས་ཚན་དེ་ནང་ འཁོར་ལམ་དང་ གློག་མེ་ དེ་ལས་ ཤེས་རིག་གི་ཞབས་ཏོག་མེདཔ་ལས་ ཁྱིམ་གུང་པ་༨ དེ་ཅིག་གིས་ དེ་བཟུམ་གྱི་ ཞབས་ཏོག་ཡོད་སའི་ས་ཁོངས་ ནོརབུ་སྡིངས་ཀྱི་ ཁྲོམ་ཆུང་ནང་ གཞིས་བཅགས་ཡོདཔ་ཨིན་པས།
ནོརབུ་སྡིངས་དེ་ བ་འཇོ་ཁྲོམ་ལས་ ཀྲོང་གསར་ཁ་ཐུག་ ཀི་ལོ་མི་ཊར་༤༠ ལྷགཔ་ཅིག་གི་ ས་ཁར་ཡོདཔ་ད་ ཁྱིམ་གུང་༣ གྱིས་ དྭངས་ཆུ་རྒེད་འོག་ལྟེ་བའི་ ཉེ་འདབས་ལུ་ གཞིས་བཅགས་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ ཁྲོམ་ཁར་གནས་སྤོ་སོངམ་ལས་ ཞིག་རལ་ཐལ་མི་
རྟ་ས་གཡུས་ཚན་གྱི་ཁྱིམ་ཚུ།

དེའི་གྲས་ལས་ གཅིག་ རྒེད་འོག་ཚོགས་པ་ རྣམ་རྒྱལ་རྡོ་རྗེ་ཨིནམ་ད་ ཁོ་གིས་ རྟ་ས་གཡུས་ཚན་ལས་ ནོརབུ་སྡིངས་ལུ་ སྤྱི་ལོ་༢༠༡༠ ལུ་གནས་སྤོ་སྟེ་ འགྱོ་བའི་ཤུལ་ལས་ ཁོ་རའི་ ཕ་ཁྱིམ་དེ་ཡང་ རྩ་བ་ལས་བཤུབ་བཏང་སྟེ་ ད་རེས་ གཡུས་ཚན་དེ་ནང་ ས་ཞིང་དག་པ་ཅིག་ལས་བརྒལ་ མེདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ནོརབུ་སྡིངས་ལུ་ གནས་སྤོ་འགྱོ་དགོ་མི་དེ་ གཡུས་ཚན་ནང་ གློག་མེ་དང་ སྣུམ་འཁོར་ལམ་ དེ་ལས་ སློབ་གྲྭའི་མཐུན་རྐྱེན་ཚུ་མེད་པའི་སྐབས་ དཀའ་ངལ་འཐོནམ་མས་ཟེར་ཨིནམ་ད་ དེ་ཡང་ འཁོར་ལམ་མེདཔ་ད་ སོ་ནམ་ཐོན་སྐྱེད་ཚུ་ཡང་ ཚོང་འབྲེལ་འཐབ་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༣༥ ལང་མི་ རྡོ་རྗེ་གིས་ ཁོ་རའི་ས་ཞིང་ཨེ་ཀར་༡ ལྷགཔ་ཅིག་འབད་མི་དེ་ བཀོག་བཞག་སྟེ་ ནོརབུ་སྡིངས་ལུ་ ས་ཆ་ཌིསི་༡༠ ཉོ་ཞིནམ་ལས་ ཁྱིམ་ཐོག་ཚད་༣ འབད་མི་གཅིག་རྐྱབ་སྟེ་ གཞིས་བཅགས་ཡོདཔ་ད་ ཁོ་གིས་ ནོརབུ་སྡིངས་ལུ་ སྤྱི་ལོ་༢༠༠༥ ལུ་ གནས་སྤོ་ཡོདཔ་ཨིན་པས།
དེ་ལས་ རྡོ་ཕུག་གིས་ཁོ་རའི་ཨ་ལུ་ཚུ་ སློབ་གྲྭ་ནང་གཏང་ནིའི་དོན་ལུ་ སྤྱི་ལོ་༡༩༩༧ ལུ་ ནོརབུ་སྡིངས་ལུ་གནས་སྤོ་སྟེ་ གཞིས་གསར་བཅགས་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ གཡུས་ཚན་དེ་ནང་ སློབ་གྲྭ་ཕུད་རྡོག་གཅིག་ཡང་མེདཔ་ལས་ ཨ་ལུ་ཚུ་ཡང་ ཕམ་ཚུ་བཟུམ་སྦེ་ ཤེས་རིག་ཡོན་ཏན་སྦྱང་མ་ཚུགས་པར་ ལུས་ནིའི་ཉེན་ཁ་ཡོདཔ་ ཧ་གོ་ནི་དེ་གིས་ གཡུས་བཀོག་བཞག་དགོཔ་ཐོན་ཡི་ཟེར་ཨིན་པས།
ད་རེས་ ཁོ་གི་ཨ་ལུ་༥ པོ་ཆ་ར་ ནོརབུ་སྡིངས་འབྲིང་རིམ་སློབ་གྲྭ་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ཨིན་པས།
རྡོ་ཕུག་གིས་ ཁོ་རའི་ཕ་ཞིང་ སྐམ་ཞིང་ཌིསི་༥༠ དེ་ཅིག་ བཀོག་བཞག་སྟེ་ ནོརབུ་སྡིངས་ལུ་ ས་ཆ་ཌིསི་༧ ཉོ་མིའི་ཐོག་ལུ་ ཁྱིམ་རྐྱབ་སྟེ་ གཏན་འཇགས་སྦེ་ སྡོད་དོ་ཡོདཔ་ད་ ཁོ་བཟུམ་སྦེ་ རྟ་ས་གཡུས་ཚན་ལས་ ནོརབུ་སྡིངས་ལུ་ གཞིས་གསར་བཅགས་མི་༦ པོ་ཆ་ར་གིས་ རང་ལུགས་ཀྱི་ཁྱིམ་ ཐོག་ཚད་༣ འབད་མི་ཅིག་རྐྱབ་སྟེ་ སྡོད་མི་དེ་ ད་ཚུན་གྱི་བར་ན་ ཁྲོམ་ཆུང་དེ་ནང་ སྦོམ་ཤོས་ཅིག་ཨིན་པས།
ཨིན་རུང་ གནས་སྤོ་འགྱོ་མི་ག་ར་ལུ་ ཁྱིམ་ས་རྐྱངམ་གཅིག་ལས་བརྒལ་མེདཔ་ལས་ གལ་སྲིད་ རྟ་ས་གཡུས་ཚན་ནང་ འཁོར་ལམ་དང་ གློག་མེ་ དེ་ལས་ སློབ་གྲྭའི་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་བ་ཅིན་ ཁོང་ག་ར་ ལོག་གཡུས་ཁར་འོང་ནིའི་སེམས་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཡུས་ཚན་དེ་ནང་ དེང་སང་གི་ ཞབས་ཏོག་མེདཔ་ལས་ བྱ་ཐབས་མེད་པར་ གནས་སྤོ་འགྱོ་དགོཔ་ ཐོན་ཡི་ཟེར་ཨིན་པས།
གཡུས་ཚན་ནང་ལས་ གནས་སྤོ་འགྱོ་མི་ལུ་བརྟེན་ ཧེ་མ་ བཟའ་སྤྱོད་འབད་མི་ ས་ཞིང་ཨེ་ཀར་༢༠ ལྷགཔ་ཅིག་ ད་རེས་ སྟོངམ་ལུས་ཏེ་ སྤང་ལུ་གྱུར་ཡོདཔ་ད་ ཧེ་མ་འབད་བ་ཅིན་ དེ་ཁའི་མི་ཚུ་གིས་ ཚོད་བསྲེའི་རིགས་དང་ འབྲུ་སྣའི་རིགས་ཚུ་ བཙུགས་ནི་ཡོད་ཟེར་ཨིན་པས།
ས་ཞིང་སྟོངམ་སྦེ་ལུས་མི་ གནད་དོན་གཞན་ཡང་ མི་ཚུ་གིས་ དབྱྭར་རྩྭ་དགུན་འབུབ་ཀྱི་ ཚོང་འབྲེལ་འཐབ་མི་ལས་ མ་དངུལ་འབོར་ཆེ་ཏོག་ཏོ་སྦེ་ ཐོབ་ནི་དེ་གིས་ སོ་ནམ་གྱི་ལཱ་ལུ་ སྤྲོ་བ་མེདཔ་ཐལ་དོ་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ འབུབ་ཚོང་འབྲེལ་འཐབ་མི་གིས་ འོང་འབབ་ཉུང་ཤོས་ར་ དངུལ་ཀྲམ་༢༠༠,༠༠༠ དང་༣༠༠,༠༠༠ གི་བར་ན་ འཐོབ་ཚུགས་པས་ཟེར་ཨིན་པས།
ཨིན་རུང་ འབུབ་དེ་གཏན་འཇགས་ཀྱི་ རྒྱུ་དངོས་མེནམ་ལས་ མཐའན་མཇུག་ལུ་ སོ་ནམ་ལཱ་གིས་ར་ ཕན་ནི་ཨིནམ་ལས་ ཞིང་ལམ་ཅིག་ བཏོན་གནང་པ་ཅིན་ ལོག་གཡུས་ཁར་ འོང་ནི་ཟེར་ཨིན་པས།
མ་གཞི་ གཡུས་ཚན་དེ་ནང་ ཁྱིམ་གུང་༡༧ ལས་ མི་གྲངས་༡༠༠ ལྷགཔ་ཅིག་ཡོདཔ་ཨིན་རུང་ མང་ཤོས་ར་ གནས་སྤོ་འགྱོ་མི་ལུ་བརྟེན་ གཡུས་ཚན་ནང་ ལོ་མཆོད་དང་ ལོ་བསྟར་ཚེས་བཅུ་ལ་སོགས་པ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ མི་མ་ལང་པའི་དཀའ་ངལ་ཡོདཔ་ལས་ ནོརབུ་སྡིངས་ལས་ འགྱོ་དགོཔ་ཐོན་དོ་ཡོདཔ་ད་ གཡུས་ཁའི་སློབ་ཕྲུག་ཨ་ལུ་༤༥ དེ་ཅིག་ཡང་ ནོརབུ་སྡིངས་དང་ དྭངས་ཆུ་རྒེད་འོག་ལྟེ་བའི་ སློབ་གྲྭ་ཚུ་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ཨིན་པས།
དྭངས་ཆུ་རྒཔོ་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ མ་གཞི་ མི་ཚུ་གིས་ དབྱར་རྩྭ་དགུན་འབུབ་ལུ་བརྟེན་ མ་དངུལ་ལེགས་ཤོམ་སྦེ་ བཟོ་ཚུགས་རུང་ ས་ཞིང་ཨེ་ཀར་ལས་བཅད་དེ་ སྟོངམ་ལུས་མི་ལུ་ལྟཝ་ད་ བློ་ཕམ་བྱུངམ་མས་ཟེར་ཨིནམ་ད་ དེ་ཡང་ ད་རེས་ནངས་པ་ རྒྱལ་ཁབ་ནང་ ལཱ་གཡོག་མ་ལང་པའི་དཀའ་ངལ་ ཐོན་མི་ལུ་བལྟ་བ་ཅིན་ ཁྲོམ་ཁར་འགྱོ་ནི་བ་ གཡུས་ཁར་སྡོད་དེ་ སོ་ནམ་ལཱ་ལུ་བརྩོན་པ་ཅིན་ ཁེ་ཕན་སྦོམ་ འོང་ནི་མས་ཟེར་ཨིན་པས།
ཁོ་གིས་གཡུས་ཚན་དེ་ སོ་ནམ་ཞིང་ལམ་བཏོན་ནིའི་དོན་ལུ་ རྫོང་ཁག་ཚོགས་འདུ་ནང་ ཐེངས་༣ དེ་ཅིག་ཞུ་རུང་ ལམ་ཐོབ་མ་ཚུགས་ཟེར་ཨིནམ་ད་ གལ་སྲིད་ ཞིང་ལམ་ཐོབ་པ་ཅིན་ སོ་ནམ་གྱི་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ཚུགས་པའི་ གོ་སྐབས་ཡོདཔ་མ་ཚད་ གཡུས་ཁ་ལས་ཁྲོམ་ཁར་ གནས་སྤོ་འགྱོ་མི་ཡང་ བཀག་ཚུགས་པའི་ གོ་སྐབས་འདུག་ཟེར་ཨིན་པས།
རྟ་ས་གཡུས་ཚན་ནང་ ཞིང་ལམ་བཏོན་དགོ་པ་ཅིན་ དྭངས་ཆུ་རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊར་༡ དང་ཕྱེད་དེ་ཅིག་ལས་མེདཔ་ད་ ད་རེས་ ལམ་མེད་མི་ལུ་བརྟེན་ གཡུས་ཚན་དེ་ནང་ རྒེད་འོག་ལྟེ་བ་ལས་ རྐང་སྟོང་སྦེ་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ འགྱོ་དགོཔ་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment