གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་ནང་ ཟད་འགྲོ་མཐོ་ཤོས་གནས་པའི་ འཐུང་ཆུའི་ཞབས་ཏོག།

༡/༥/༢༠༡༣   ༉ མཐའ་ཟུར་གྱི་གཡུས་ཚན་ ལུང་ནག་ནང་ལུ་ འཐུང་ཆུ་བཀྲམ་སྤེལ་གྱི་ཞབས་ཏོག་བྱིན་མི་དེ་ རྒྱལ་ཁབ་ནང་ ད་ཚུན་ལུ་ ཟད་འགྲོ་མཐོ་ཤོས་གནས་པའི་ ལཱ་ཅིག་ཨིནམ་བཞིན་དུ་ གཡུས་ཚན་ནང་ ཅ་ཆས་སྐྱེལ་འདྲེན་གྱི་འཐུས་རྐྱངམ་གཅིག་གིས་ར་ དངུལ་ཀྲམ་ས་ཡ་༢.༩ དེ་རེ་ གནས་ཡོདཔ་ད་ ཅ་ཆས་ཚུ་ གནམ་གྲུ་ ཧེ་ལི་ཀོབ་ཊར་གྱི་ཐོག་ལས་ སྐྱེལ་འདྲེན་འབད་ཡོདཔ་ཨིན་པས།
རྩི་སའི་ཚབ་ལུ་ ཤིང་གིས་བཟོ་མི་ཆུའི་ཀ་ལི།


གཡུས་ཚན་དེ་ནང་ འགྲུལ་འཁོར་ལམ་མེདཔ་ལས་བརྟེན་ འཐུང་ཆུ་བཀྲམ་སྤེལ་གྱི་ཅ་ཆས་ག་ར་ གནམ་གྲུའི་ཐོག་ལས་ སྐྱེལ་འདྲེན་འབདཝ་ད་ ཟད་འགྲོ་མ་དངུལ་འབོར་ཆེ་ཏོག་ཏོ་སྦེ་ གནས་མི་དེ་ཡང་ གནམ་གྲུ་ཚུ་ ནེ་པཱལ་ལས་ གླ་ཁར་ལེན་མི་ལུ་བརྟེན་ཨིན་པས།
ཅ་ཆས་ཚུ་ སྤུ་ན་ཁ་ འཛོམས་གླིང་ཐང་ལས་ ལུང་ནག་ནང་ལུ་ ཚར་རེ་ སྐྱེལ་འདྲེན་འབད་བའི་འཐུས་ དངུལ་ཀྲམ་༡,༢༥,༠༠༠ རེ་ སྤྲོད་དོ་ཡོདཔ་ད་ དེ་གིས་ སྐྱེལ་འདྲེན་ཐེངས་༢༣ འབད་མི་ལུ་ ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༢.༩ གནས་པའི་ཁར་ ཅ་ཆས་ མཁོ་སྒྲུབ་འབད་བའི་སྐབས་ དངུལ་ཀྲམ་ས་ཡ་༡ དེ་རེ་གནས་མི་གིས་ འཐུང་ཆུའི་ལཱ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༣ ལྷགཔ་ཅིག་ ཟད་འགྲོ་བཏང་ཡོདཔ་ཨིན་པས།
མགར་ས་རྫོང་བདག་ བསོད་ནམས་འཇིགས་མེད་ཀྱིས་སླབ་མིའི་ནང་ ཆུ་དུང་ཚུ་ སྦོམ་ཡོད་ནི་དེ་གིས་ སྐྱེལ་འདྲེན་ཐེངས་ལེ་ཤ་ འབད་དགོཔ་བྱུང་རུང་ ཕྱོགས་གཅིག་ལས་འབད་བ་ཅིན་ འབྲུག་བརྒྱུད་འཕྲུན་ཚད་ཀྱིས་ ས་གནས་ནང་ འགྲུལ་འཕྲུན་མོ་བཱ་ཡེལ་གྱི་ཞབས་ཏོག་ འགོ་བཙུགས་པའི་སྐབས་ འཕྲུལ་ཆས་སྐྱེལ་འདྲེན་འབད་ནིའི་དོན་ལུ་ གླ་ཁར་ལེན་ཡོད་མི་དང་ འཕྲོ་མཐུད་དེ་ རྫོང་ཁག་བདག་སྐྱོང་གིས་ གོ་སྐབས་ལེན་མི་ལུ་བརྟེན་ སྟབས་བདེ་ཏོག་ཏོ་བྱུང་ཡི་ ཟེར་ཨིན་པས།
ལུང་ནག་ནང་ལུ་ ཁྱིམ་གུང་པ་༡༨༧ དེ་ཅིག་གི་དོན་ལུ་ འཐུང་ཆུའི་ཀ་ལི་༡༠༥ བཀྲམ་སྤེལ་འབད་ཡོདཔ་ད་ ཀ་ལི་ཚུ་ཡང་ ས་གནས་གཞན་ཁ་བཟུམ་སྦེ་ ཆུ་དུང་ཚུ་ ཁྱེགས་ཀྱིས་མི་བསུབ་ནིའི་དོན་ལུ་ རྩི་ས་གིས་ བཟོ་སྐྲུན་མ་འབད་བར་ ཤིང་གིས་ བཟོ་ཡོདཔ་ཨིན་པས།
དེ་ཡང་ ཧེ་མ་ར་ ཤིང་དོང་སྤེད་ཞིནམ་ལས་ ཆུ་དུང་དེ་ ཕེད་ཙེ་གིས་ ལེགས་ཤོམ་སྦེ་སྤུར་ཏེ་ ཐབས་ལམ་བཏོན་ཐོག་ལས་འབད་མི་དེ་ ས་ཁ་མཐོ་ས་ གྱང་ཤུགས་ཆེ་ནི་དེ་གིས་ ཨིན་ཟེར་ རྫོང་བདག་གིས་སླབ་ཨིན་པས།
ཆུ་བཀྲམ་སྤེལ་གྱི་ལཱ་དེ་ ན་ཧིང་ སྤྱི་ཟླ་༩ པ་ལས་འགོ་བཙུགས་མི་གིས་ སྤྱི་ཟླ་༡༡ པའི་ནང་ མཇུག་བསྡུ་ཡོདཔ་ད་ ལཱ་འགོ་འདྲེན་འཐབ་མི་ རྫོང་ཁག་བདག་སྐྱོང་གི་ བཟོ་རིག་འགོ་དཔོན་རྩིས་ཏེ་ མི་༤ སོང་ཡོདཔ་ད་ བཟོ་རིག་འགོ་དཔོན་ལས་རོགཔ་ ཨེལ་བི་ཆེ་ཏི་རི་གིས་སླབ་མིའི་ནང་ ཆུ་དུང་ཚུ་ནང་ ཁྱེགས་མི་ཆགས་ནིའི་དོན་ལུ་ ཀ་ལི་ནང་ལས་ ཆུ་ཆུང་ཀུ་ཅིག་ རྒྱུན་ཆད་མེད་པར་ བཏང་བཞག་ཟེར་ སླབ་ཅི་ཟེར་ཨིན་པས།
ཆུ་མཛོད་ཁང་༡༥ ལྷགཔ་ཅིག་ཡོད་མི་ཚུ་ཡང་ རྩི་ས་གིས་ ལཱ་འབད་མ་བཏུབ་ལས་ ཨེན་ཏ་གིས་བཟོ་ཡོདཔ་ད་ རྩི་སའི་ཚབ་ལུ་ ཤིང་ལག་ལེན་འཐབ་རུང་ བཏུབ་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ས་གནས་དེ་ཁའི་མི་ཚུ་གིས་ འཐུང་ཆུ་དེ་ རྫིང་ནང་ལས་དབོག་སྟེ་ འཐུང་དོ་ཡོདཔ་ཨིན་རུང་ ཆརཔ་རྐྱབ་པའི་སྐབས་ལུ་ ཆུ་ཁམས་ལོག་སི་སི་འགྱོ་མི་ལུ་བརྟེན་ དཀའ་ངལ་ཡོད་ཟེར་ཨིན་པས།
ལུང་ནག་ནང་རྒེད་འོག་དེ་ སྤུ་ན་ཁ་དང་ མགར་སའི་གཞུང་ལམ་གྱི་ དགོན་ཤར་རི་ཁ་ཐུག་ལས་འགྱོ་བའི་སྐབས་ རྐང་ཐང་སྦེ་ ཉིནམ་༨ འགྱོ་དགོ་པའི་ ས་གནས་ཁར་ཡོདཔ་ལས་ ཆུ་བཀྲམ་སྤེལ་གྱི་ཅ་ཆས་ཚུ་ མི་གིས་ འབག་ནིའི་ འོས་འབབ་མེད་མི་ལུ་བརྟེན་ གནམ་གྲུའི་ གླ་འཐུས་ལེ་ཤ་སྤྲོད་ཐོག་ལས་ སྐྱེལ་འདྲེན་འབད་ཡི་ཟེར་ ཨིན་པའི་གནས་ཚུལ།

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment