གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཤིན་རྗེའི་རྣམ་སྤྲུལ་ མ་ཧེ་རྭཝ་གི་རྒྱབ་ཁུངས།

༡/༥/༢༠༡༣   ༉ ད་རེས་ནངས་པ་ དར་དཀར་བཀྲིས་གཡང་རྩེའི་རྫོང་ནང་ ནང་རྟེན་གཙོ་ཅན་ཅིག་སྦེ་ བཞུགས་སུ་གསོལ་མི་ མ་ཧེ་རྭཝ་དེ་ གཤིན་རྗེའི་རྣམ་སྤྲུལ་ཨིནམ་སྦེ་ གསོལ་བ་བཏབ་དོ་ཡོདཔ་ཨིན་པས།
རྫོང་གི་མགོན་ཁང་ནང་ དར་གྱིས་སྤུར་ཏེ་ ཤེལ་སྒྲོམ་ཅིག་ནང་བཞུགས་མི་ ཡ་མཚན་ཆེ་ཏོག་ཏོ་སྦེ་ མཇལ་ནི་ཡོད་མི་ རིང་ཚད་ཕིཊ་ཕྱེད་དང་༥ འབད་མི་ མ་ཧེ་རྭཝ་དེ་ མཇལཝ་ཙམ་ཅིག་གིས་ ངན་སོང་གི་སྡུག་བསྔལ་ལས་ འགྲོལ་ཚུགས་པའི་ནུས་པ་ཡོད་ཟེར་ཨིན་པས།

དར་དཀར་བཀྲིས་གཡང་རྩེའི་རྫོང་གི་ ནང་རྟེན་གཙོ་ཅན་ མ་ཧེ་རྭཝ།


དར་དཀར་ནང་རབ་སྡེའི་ བླམ་གནས་བརྟན་ བསྟན་འཛིན་རྣམ་རྒྱལ་གྱིས་ བཤད་མིའི་ནང་ མ་ཧེ་རྭཝ་གི་ བྱུང་ཚུལ་དེ་ཡང་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ སྤྱི་ལོ་༡༦༥༡ ལུ་ དར་དཀར་དཔོན་སློབ་དང་པ་ བསྐོ་བཞག་གནང་མི་ དར་དཀརཔོ་བསྟན་པ་འཕྲིན་ལས་ ཞལ་བཞུགས་པའི་སྐབས་ ལུང་བསྟན་དང་འཁྲིལ་ རྫོང་གི་གདོང་ཕྱོགས་ལུ་ཡོད་པའི་ ད་རེས་ནངས་པ་ མ་ཧེ་ལུངམ་ཟེར་ སླབ་དོ་ཡོད་མི་ལས་ ཉིན་ནུབ་མེད་པར་ མ་ཧེ་གིས་ སྐད་རྐྱབ་མི་ལུ་བརྟེན་ ས་གནས་དེ་ཁར་ ག་ཅི་འབད་ནུག་ག་ བལྟ་ནིའི་དོན་ལུ་ བོད་སྒརཔ་སྡེ་ཚན་ཅིག་ བཏང་ནུག་ཟེར་ཨིན་པས།
དེ་ལས་ བོད་སྒརཔ་ཚུ་གིས་ དཔོན་སློབ་ཀྱི་བཀའ་དང་འཁྲིལ་ སྐད་ག་རྐྱབ་སར་ བལྟ་བར་སོང་བའི་སྐབས་ མ་ཧེ་གི་རྭཝ་ཆ་༡ ཁྲག་ཚ་ཏོམ་སྦེ་ འབལ་བཞག་སར་ མཐོང་ཡོདཔ་ཨིན་རུང་ མ་ཧེ་དེ་ ག་ཏེ་ཡང་ མ་མཐོངམ་ཨིན་པས།
རྭཝ་དེ་ དཔོན་སློབ་ལུ་ ཕུལ་བའི་ཤུལ་ལུ་ ཡ་མཚན་ཆེ་ཏོག་ཏོ་ཅིག་ཨིན་མས་ཟེར་གསུངས་ཏེ་ རྫོང་གི་ནང་རྟེན་བཞག་དགོཔ་སྦེ་ བཀའ་གནངམ་བཞིན་དུ་ དེ་ལས་ཚུར་ རྫོང་གི་ནང་རྟེན་གཙོ་ཅན་ཅིག་སྦེ་ བཞག་ཡོདཔ་ཨིན་པས།
ཨིན་རུང་ ད་རེས་ནངས་པ་ རྫོང་ནང་ རྭཝ་ཡ་གཅིག་ལས་བརྒལ་ མཇལ་ནི་མེད་མི་དེ་ཡང་ ཤུལ་ལས་ ཞབས་དྲུང་འཇིགས་མེད་ཆོས་རྒྱལ་གྱིས་ བསྣམས་བྱོན་ཏེ་ སྤུ་ན་ཁ་ ཞབས་དྲུང་གི་གདན་ས་ རྟ་ལོག་དགོན་པ་ལུ་ ནང་རྟེན་སྦེ་ བཞག་ཡོད་པའི་ལོ་རྒྱུས་ཡོད་རུང་ ད་རེས་ནངས་པ་ མཇལ་ཁ་མིན་འདུག་ཟེར་ བླམ་གནས་བརྟན་གྱིས་ བཤདཔ་ཨིན་པས།
ནང་རྟེན་དེ་ ལོ་བསྟར་བཞིན་དུ་ རང་ཟླ་༣ པའི་ཚེས་༣ ལས་༩ ཚུན་ བདུན་ཕྲག་ཅིག་གི་རིང་ གནང་སྲོལ་ཡོད་པའི་ དགོན་པོའི་རྟེན་མདོས་ མཇུག་བསྡུ་བའི་ཤུལ་ལུ་ ཚེས་༡༠ ལུ་ རྫོང་ནང་བཞུགས་སུ་གསོལ་མི་ ནང་རྟེན་གཞན་ཚུ་དང་གཅིག་ཁར་ མི་མང་ལུ་ མཇལ་ཁ་གནང་དོ་ཡོདཔ་ཨིན་པའི་གནས་ཚུལ།

དར་དཀར་ནང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment