གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕག་གི་བརྡུངས་གཡུས་ཚན་གྱི་རྒྱབ་ཁུངས།

༡/༤/༢༠༡༣   ༉ ལྷུན་རྩེ་ སྟག་མོ་ཆུ་གཡུས་ཚན་ནང་མ་ལྷོདཔ་ཅིག་ཁར་ འཁོར་ལམ་གྱི་ལྟག་ལུ་ རང་ལུགས་ཀྱི་བཟོ་བཀོད་ཐོག་ལས་ ཁྱིམ་ཚུ་སྤུངས་ཏེ་ཡོད་མི་དེ་གི་མིང་གནས་ལུ་ ཡོངས་གྲགས་ལུ་ ཕག་གི་བརྡུངས་ཟེར་གཡུས་ཚན་ཟེར་ དར་ཁྱབ་སོང་སྟེ་ཡོདཔ་ཨིན་པས།
རྡོ་རྗེ་ཕག་མོ་གིས་བཏོན་མི་གྲུབ་ཆུ།


གཡུས་ཚན་དེ་གི་མིང་ ཕག་གི་བརྡུངས་ཟེར་བཏགས་དགོ་པའི་ རྒྱབ་ཁུངས་དེ་ཡང་ གཡུས་མི་ཚུ་གིས་ ཁ་གསལ་སྦེ་ བཤད་སྲོལ་ཡོད་པའི་ཁར་ གཡུས་མི་རྒན་ཤོས་ཚུ་གིས་སླབ་མིའི་ནང་ གཡུས་ཚན་དེ་ནང་ སྔོན་དང་ཕུ་ ཆུ་རྩ་ལས་ར་མེདཔ་ལས་ ཆུ་བཏོན་ནིའི་དོན་ལུ་ གཡུས་ཚན་དེ་ནང་ རྡོ་རྗེ་ཕག་མོ་གིས་ ཞབས་ཀྱིས་བཅགས་གནང་ཡོད་པའི་ གཡུས་ཚན་ཅིག་ཨིན་ཟེར་ཨིན་པས།
ཕག་གི་བརྡུངས་གཡུས་ཚན།

རྡོ་རྗེ་ཕག་མོ་གིས་ གཡུས་ཚན་ནང་ཞབས་ཀྱིས་བཅགས་ཏེ་ཡོད་པའི་ གནད་ཁུངས་དེ་ཡང་ ད་རེས་ནངས་པ་ གཡུས་ཚན་གྱི་སྦུག་ལུ་ ས་སྐམ་རྡོ་སྐམ་ལས་ ཡ་མཚན་ཆེ་བའི་ཆུ་ཅིག་ གནམ་བྱཱར་དགུན་མེད་པར་ ཐོན་དོ་ཡོདཔ་ད་ ཆུ་དེ་ རྡོ་རྗེ་ཕག་མོའི་ཤངས་ ས་གུ་བརྡུངས་ཏེ་ གཡུས་མི་ཚུ་གི་དོན་ལུ་ འཐུང་ཆུ་སྦེ་བཏོན་གནང་ཡོདཔ་ལས་བརྟེན་ གཡུས་ཚན་གྱི་མིང་ཡང་ ཡོངས་གྲགས་ལུ་ ཕག་གི་བརྡུངས་ཟེར་དར་ནུག་ཟེར་ སྐྱེས་ལོ་༧༦ ལང་མི་ ཨ་རྒས་ཡེ་ཤེས་ཀྱིས་ སླབ་ཨིན་པས།
རྡོ་རྗེ་ཕག་མོ་གིས་ བཏོན་ཡོད་པའི་གྲུབ་ཆུ་དེ་ཡང་ གནམ་བྱཱར་བསིལ་ཏོང་ཏོ་དང་ གནམ་དགུན་ལུ༌ ཚ་དྲོད་ལྡན་ཏོག་ཏོ་འོང་དོ་ཡོདཔ་ལས་ མི་ཚུ་གིས་ ཁྱིམ་ནང་ཡོན་ཆབ་ལ་སོགས་པ་ ཆུ་དེ་ནང་ལས་དབོག་སྟེ་ཕུལ་དོ་ཡོདཔ་ཨིན་པས།
དེ་མ་ཚད་ གཡུས་ཁ་ལུ་ ནཝ་ཚཝ་དང་ ཆོས་ཕྱོགས་ཀྱི་ལས་རིམ་ དགའ་སྟོན་རྟེན་འབྲེལ་བརྩི་སྲུང་ དུས་སྟོན་ལ་སོགས་པའི་སྐབས་ལུ་ བསྲུ་ཇ་བཟོ་ནིའི་དོན་ལུ་ ཆུ་དེ་ར་ལག་ལེན་འཐབ་ཨིན་ཟེར་ཨིནམ་ད་ སྒྲུབ་ཆུ་དེ་ མི་ག་ར་གིས་ ད་ལྟོའི་བར་ན་ཡང་ ལག་ལེན་འཐབ་ཨིན་ཟེར་ཨིན་པས།
སྐྱེས་ལོ་༧༥ ལང་མི་ ཆོས་ཉིད་ཀྱིས་སླབ་མིའི་ནང་ ཆུ་བཏོན་མི་དེ་ རྡོ་རྗེ་ཕག་མོ་ཨིནམ་ལས་ སྒྲུབ་ཆུ་ཨིན་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ ཆུ་དེ་ ཟ་ཆུ་འབད་ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ གཞུང་ཞབས་ཀྱི་ཁ་ཐུག་ལས་ འཐུང་ཆུའི་སྐྱིད་སྡུག་དེ་ སྒོ་ཁར་བཀལ་གནང་མི་ལུ་བརྟེན་ ལག་ལེན་འཐབ་དགོཔ་མེད་ཟེར་ཨིན་པས།
གཡུས་ཚན་དེ་ཁའི་མི་སེར་ཚུ་གིས་ སོ་ནམ་ལོ་ཐོག་ཚུ་གི་གྲས་ལས་ འབྱ་འཛུགས་སྐྱོང་འབད་དོ་ཡོདཔ་ད་ མི་སེར་མང་ཤོས་ཅིག་གིས་ སླབ་མིའི་ནང་ ཆུ་དེ་འཐུང་ཚུགས་པ་ཅིན་ ལུས་ངག་ཡིད་༣ གྱི་ལས་སྒྲིབ་དག་ནི་ཨིནམ་ལས་ མི་སེར་ཚུ་གིས་ བདག་འཛིན་འབད་དེ་ར་ཡོདཔ་ཨིན་པས།
མི་སེར་ཚུ་གིས་ དད་མོས་བསྐྱེད་ཐབས་ལུ་དམིགས་ཏེ་ ཆུ་འཁོར་ཅིག་ཡང་བཙུགས་ཡོདཔ་ཨིན་པས།
ཨང་རྒས་ ཆོས་ཉིད་ཀྱིས་སླབ་མིའི་ནང་ མི་སེར་ཚུ་གིས་ ཆུ་འདི་ གཟུགས་འཁྱུཝ་ཨིན་ཟེར་ཨིནམ་ད་ མིག་ནད་དང་ རྐང་ཚིགས་ལག་ཚིགས་ཚུ་ ན་ནི་ལས་དྲགཔ་ཨིན་ཟེར་ ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment