གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༡/༤/༢༠༡༣   དམངས་གཙོའི་གཞུང་སྒྲིང་སྒྲིང་བཟོ་ནིའི་དོན་ལུ་ ལྕོགས་གྲུབ་ཅན་གྱི་འདེམས་ངོ་དགོཔ།
༉ ད་རེས་ནངས་པ་ མཐའ་ཟུར་གཡུས་ཚན་ཅིག་ལས་ འགོ་བཟུང་སྟེ་ ཁྲོམ་སྡེའི་ས་ཁོངས་ཚུ་ནང་ མི་ཚུ་གིས་ སྲིད་དོན་ཚོགས་པ་ ལེ་ཤ་ཐོན་པའི་སྐོར་ལས་ ལོ་རྒྱུས་འདྲ་མིན་སྣ་ཚོགས་སླབ་སར་ གོཝ་ཨིན་མས།



སྤྱིར་བཏང་མི་ཚུ་གི་བར་ན་ གནད་འགག་ཅན་གྱི་རྩོད་བསྡུར་ཅིག་ ག་ཅི་འབདཝ་སྨོ་ཟེར་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ ལྕོགས་གྲུབ་ཅན་དང་ ཉམས་མྱོང་ཅན་གྱི་འདེམས་ངོ་ཚུ་ ངེས་པར་དུ་ འཐོབ་དགོཔ་ཅིག་ཨིན་ཟེར་ཨིན་མས།
དེ་ཡང་ ཚོགས་སྡེའི་འགན་འཁྲི་དང་འཁྲིལཝ་ད་ བསྐྱར་ཞིབ་འབད་མི་ ཚོགས་ཁང་ཅིག་ཨིན་པའི་ཁར་ རྒྱལ་ཁབ་ཀྱི་ རང་བཙན་དང་བདེ་སྲུང་ དེ་ལས་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ གནོད་ཉེན་ཡོད་པའི་སྐོར་ལས་ འབྲུག་རྒྱལ་པོ་མཆོག་དང་ བློན་ཆེན་ དེ་ལས་ རྒྱལ་ཡོངས་ཚོགས་འདུ་ལུ་ སྙན་སྒྲོན་ཕུལ་ནི་ཚུ་ཨིན་མས།
དེ་བཟུམ་མའི་ གྲོས་ཐག་བཅད་ནི་གི་ འགན་འཁྲི་ལྕི་དྲགས་ཕོགཔ་ད་ ང་བཅས་ར་ ག་ར་འབད་རུང་ ལྕོགས་གྲུབ་དང་ ཉམས་མྱོང་ལུ་མ་བལྟ་བར་ ཤེས་ཚད་རྐྱངམ་གཅིག་གུ་ བློ་གཏད་ནི་དེ་ཡང་ བསམ་ཞིབ་འབད་དགོཔ་འདུག་ཟེར་མནོཝ་མས།
དེ་ལས་ སྲིད་ཚོགས་གསརཔ་ཐོན་མི་ཚུ་ཡང་ ཧ་ལམ་ བཙག་འཐུའི་དུས་ཚོད་རན་རུང་ རང་སོའི་འདེམས་ཁོངས་ཚུ་ནང་ལས་ བློ་གཏད་ཚུགས་པའི་ ལྕོགས་གྲུབ་ཅན་གྱི་ འདེམས་ངོ་ཚུ་ ཐོབ་མ་ཚུགས་པར་ ལཱ་ཁག་རྐྱབ་དོ་ཡོད་པའི་ལོ་རྒྱུས་ཚུ་ ཚོགས་པའི་གཙོ་འཛིན་ཚུ་གིས་ བཤདཔ་ཨིན་མས།
མ་གཞི་ ས་སྟོང་བསུབ་ནིའི་ཐད་ཁར་ དཀའ་ངལ་མེདཔ་ཨིན་རུང་ དམངས་གཙོའི་རིང་ལུགས་ཀྱི་གཞི་འགྱམ་ སྒྲིང་སྒྲིང་བཟོ་ནིའི་དོན་ལུ་ འདེམས་ངོའི་གནད་དོན་དེ་ཡང་ གལ་ཆེ་ཤོས་ཅིག་སྦེ་ བརྩི་འཇོག་འབད་དགོཔ་བཟུམ་ཅིག་ མཐོངམ་ཨིན་མས།
ཉིནམ་དག་པ་ཅིག་གི་ཧེ་མར་ སྲིད་ཚོགས་གསརཔ་༣ གྱི་ གཙོ་འཛིན་དང་ འཐུས་མི་སྡེ་ཚན་ཅིག་གིས་ གཞུང་སྐྱོང་ཚོགས་པའི་གཙོ་འཛིན་དང་གཅིག་ཁར་ མཉམ་འབྲེལ་གྲོས་འཛོམས་ཅིག་ འགོ་འདྲེན་འཐབ་པའི་སྐབས་ སྲིད་ཚོགས་ཚུ་གིས་ འདེམས་ངོ་འཐོབ་ནི་ལུ་ ལཱ་ཁག་རྐྱབ་པའི་སྐོར་ལས་ གྲོས་བསྟུན་ཚུ་འབད་ཡོདཔ་ད་ དེ་བསྒང་ གཙོ་འཛིན་ལ་ལུ་ཅིག་གིས་ དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་སྒྲིང་སྒྲིང་བཙུགས་ནིའི་དོན་ལུ་ འདེམས་ངོ་ལྕོགས་གྲུབ་ཅན་ཚུ་དགོཔ་ཨིན་རུང་ མང་ཤོས་ར་ ཞི་གཡོག་ནང་ཡོདཔ་ལས་ ཞི་གཡོགཔ་ཚུ་ སྲིད་ཚོགས་ནང་ འབྲེལ་གཏོགས་འབད་ཆོག་པའི་ ཐབས་ལམ་འོས་ལྡན་ཅིག་ བདེ་སྒྲིག་འབད་དགོཔ་འདུག་ཟེར་ སླབ་ཨིན་མས།
འདེམས་ངོ་ཚུ་ སྒྲིང་སྒྲིང་མ་ཐོབ་ད་ འབྲུག་མི་ཚུ་ཡང་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ཨིནམ་ལས་ རྒྱལ་ཁབ་ཀྱི་འདུན་ལམ་བཟང་ནིའི་དོན་ལུ་ སྲིད་ཚོགས་ཆ་མཉམ་གྱིས་ འདེམས་ངོ་ལྕོགས་གྲུབ་ཅན་ཚུ་ འཐོབ་ཚུགས་ནིའི་དོན་ལུ་ ཞི་གཡོག་གི་ལམ་ལུགས་ ནང་འབད་རུང་ གོ་ཡངས་བཟོ་ནི་དང་ ལྷན་ཐབས་འབད་དགོཔ་འདུག་ཟེར་ ཚོགས་པའི་གཙོ་འཛིན་ཚུ་གིས་ སླབ་ཨིན་མས།
སྲིད་ཚོགས་ཚུ་ ག་ར་འབད་རུང་ བཙག་འཐུ་ནང་ལས་ རྒྱལ་ཁ་འཐོབ་ནིའི་དོན་ལུ་ ད་ལྟོ་གནས་སྐབས་ཅིག་ གཅིག་གིས་གཅིག་ལུ་ རང་སོའི་ལྟ་བ་དང་ དམིགས་གཏད་ཚུ་གི་ རྩོད་བསྡུར་དང་ དོ་འགྲན་འབདཝ་ཨིན་རུང་ མཐའན་མཇུག་ཁར་ རྒྱལ་ཁབ་དང་མི་སེར་གྱི་ ཕྱག་ཞུ་མི་ཅིག་ཨིནམ་ལས་ གུས་ཞབས་དང་ བརྩི་བཀུར་ཐོག་ མཉམ་འབྲེལ་འབད་ནི་དེ་ཡང་ ཁག་ཆེཝ་ཨིན་མས།
དེ་གི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ སྲིད་ཚོགས་ཚུ་གི་ མཉམ་འབྲེལ་གྲོས་འཛོམས་ཅིག་ འགོ་འདྲེན་འཐབ་ཚུགས་མི་དེ་ལུ་ ང་བཅས་ར་ ངལ་རངས་དང་ ཡིད་ཆེས་བསྐྱེད་དགོཔ་འདུག་ཟེར་ ཞུ་ནི་ཨིན།

No comments:

Post a Comment