གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་སློང་ཚུ་གི་ གཟུགས་ཁམས་འཕྲོད་བསྟེན་བདག་འཛིན་འཐབ་དགོཔ་ཡོདཔ།

༢༦/༣/༢༠༡༣   ༉ འབྲུག་གི་དགེ་སློང་ཚུ་ལུ་ གཟུགས་ཁམས་འཕྲོད་བསྟེན་གྱི་ གནས་སྟངས་ལེགས་ཤོམ་མེདཔ་ཨིན་པས།
དེ་ཡང་ པགས་ནད་དང་ ཇང་ལུད་ནད་ཚུ་ལས་འགོ་བཟུང་ ཁྲག་ཤུགས་མཐོ་དྲགས་དང་ འདོད་སྤྱོད་ལུ་བརྟེན་སྤེལ་བའི་ ནད་གཞི་ཚུ་ལུ་བརྟེན་ དགེ་སློང་ཚུ་ལུ་ ཕྱི་གཟུགས་དང་ སེམས་ཁམས་གཉིས་ཆ་ར་ལུ་ ན་ཚ་ཐོབ་སྟེ་འདུག་ཟེར་ གསོ་བའི་འགོ་དཔོན་ཚུ་གིས་ སླབ་ཨིན་པས།

བདེ་ཆེན་ཕོ་བྲང་གི་ དགེ་སློང་ཚུ་ ཉིན་མའི་གསོལཝ་བཞེས་པའི་བསྒང་།


ལོ་དག་པ་ཅིག་གི་ཧེ་མར་ དགེ་སློང་༡༢ དེ་ཅིག་ལུ་ ལུས་འབྲེལ་ལས་སྤེལ་བའི་ ནད་གཞི་ཐོབ་ཡོད་པའི་སྐོར་ལས་ གསོ་བའི་ལྷན་ཁག་གིས་ གྲྭ་ཚན་ལྷན་ཚོགས་ལུ་ ཚ་གྱང་ཡོད་ལུགས་ཀྱི་ ཡི་གུ་ཅིག་ བཏང་ཡོདཔ་ད་ དེ་བསྒང་ ཨེསི་ཊི་ཨའི་ཟེར་མི་ ལུས་འབྲེལ་ལུ་བརྟེན་སྤེལ་བའི་ ནད་འབུབ་ཐོབ་མི་ ཆུང་ཤོས་ར་ སྐྱེས་ལོ་ ༡༢ ལང་མི་ དགེ་ཕྲུག་དེ་ཨིན་པས།
དེ་མ་ཚད་ དགེ་སློང་ཚུ་བཞུགས་སའི་ ས་ཁོངས་ནང་ ཕོ་མཚན་ཤུབས་བཞག་གནང་དགོ་པའི་སྐོར་ ཡི་གུ་མང་རབས་ཅིག་ བཏང་ཡོད་རུང་ ལན་གསལ་ཅིག་ཡང་ མ་ཐོབ་ཟེར་ གསོ་བའི་འགོ་དཔོན་ཅིག་གིས་ སླབ་ཨིན་པས།
ད་རེས་ནངས་པ་ རྒྱལ་ཁབ་ནང་ ནད་གཞི་ཨེཌསི་གི་རྒྱུ་ ཨེཆ་ཨའི་བི་ནད་འབུབ་ཐོབ་མི་ དགེ་སློང་༥ ཡོདཔ་བཞིན་དུ་༢ ཨེཆ་ཨའི་བི་ནད་འབུབ་ཐོག་ལུ་སྡོད་མིའི་ ཡོངས་འབྲེལ་ཅིག་ཨིན་མི་ ལྷག་བསམ་གྱི་ འཐུས་མི་ཨིནམ་ད་ ཨེཆ་ཨའི་བི་ནད་འབུབ་ཐོབ་མི་ དགེ་སློང་གཞོན་ཤོས་ར་ སྐྱེས་ལོ་༡༩ ལང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༩ ལུ་ འབྲུག་མི་གཞོན་ཤོས་ཚུ་གི་ གནོད་ཉེན་སྐོར་ལས་ བརྟག་ཞིབ་ཅིག་འབདཝ་ད་ དགེ་འདུན་སློབ་གྲྭ་ཚུ་ནང་ བུཚ་ཚུ་གི་བར་ན་ བརླད་དོ་ལག་ལེན་འཐབ་ཐོག་ལས་ འདོད་སྤྱོད་འབད་བའི་ ལོ་རྒྱུས་ཚུ་ གསལ་སྟོན་བྱུང་ནུག།
གྲྭ་ཚང་ལྷན་ཚོགས་ནང་ གསོ་བ་དང་ ཆོས་ཀྱི་འགོ་འདྲེན་པ་ བཀྲིས་དགེ་ལེགས་ཀྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ དགེ་འདུན་སློབ་གྲྭ་ཚུ་ནང་ འདི་བཟུམ་མའི་ ལག་ལེན་ཚུ་ཡོད་པའི་ ལོ་རྒྱུས་གོ་ཡོད་ཟེར་ཨིནམ་ད་ ང་བཅས་ཀྱི་ ཨ་ལུ་ཚུ་ བཟའ་ཚང་སྤྱང་ཀ་ཚུ་ལས་འབད་ནི་དེ་གིས་ གནད་དོན་དེ་ཚུ་ལུ་ ཤེས་རྟོགས་མེད་པར་ བྱུང་ཡོདཔ་འོང་ནི་མས་ཟེར་ ཁོ་གིས་ སླབ་ཨིན་པས།
བཀྲིས་དགེ་ལེགས་ཀྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༠-༡༡ ལུ་ ཁོང་གིས་ དགེ་འདུན་སློབ་གྲྭ་ཚུ་ནང་ ཨེཆ་ཨའི་བི་/ཨེཌསི་གི་སྐོར་ལས་ ཤེས་ཡོན་དང་ གོ་བརྡ་སྤྲོད་ནི་ འགོ་བཙུགས་ཞིནམ་ལས་ཚུར་ འདི་བཟུམ་མའི་ ལག་ལེན་ཚུ་གི་ ལོ་རྒྱུས་མ་གོ་ཟེར་ཨིནམ་ད་ དགེ་འདུན་སློབ་གྲྭ་ཚུ་ནང་ སློབ་སྟོན་འབད་ནིའི་དོན་ལུ་ ཚན་རིག་གི་ རྩ་གཞུང་ཅིག་ཡང་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
ཨིན་རུང་ མི་མང་གསོ་བའི་འགོ་དཔོན་ཚུ་གིས་ འབད་བ་ཅིན་ བཀག་ཐབས་ཀྱི་ ཐབས་ཤེས་ཟེར་རུང་ ཕོ་མཚན་ཤུབས་ཐོབ་ཆོག་ཆོ་བཟོ་བ་ཅིན་ དྲག་ནི་བཟུམ་མཐོངམ་མས་ཟེར་ཨིན་པས།
དེ་འབདཝ་ད་ འདོད་སྤྱོད་ལུ་བརྟེན་པའི་ ནད་གཞི་རྐྱངམ་གཅིག་མིན་པར་ ལོ་ངོ་༦ གི་ཧེ་མར་ མི་སྡེའི་ཁས་བླངས་སྨན་གཡོགམོ་ཅིག་ཨིན་མི་ པདྨ་ཤེར་པ་གིས་ ཐིམ་ཕུ་བདེ་ཆེན་ཕོ་བྲང་དགེ་འདུན་སློབ་གྲྭ་ནང་ ལྟ་སྐོར་འབདཝ་ད་ དགེ་ཕྲུག་ཚུ་གི་ མགུ་ཏོ་གུ་ སྤོ་རོ་སྐྱེས་ཏེ་ ཆུ་སེར་ཐོན་སར་ མཐོང་ནུག།
ད་རེས་ནངས་པ་ མོ་གིས་ དགེ་ཕྲུག་༢༨༠ དེ་ཅིག་ཡོད་མི་ བདེ་ཆེན་ཕོ་བྲང་དགེ་འདུན་སློབ་གྲྭ་ནང་ བདུན་ཕྲག་ཅིག་ནང་ཚར་༣ འགྱོ་དོ་ཡོདཔ་ལས་ ཧེ་མ་དང་ཕྱདཔ་ད་ ད་རིས་ ལེ་ཤ་གིས་ དྲགཔ་ཡར་སོ་ཡི་ཟེར་ སླབ་ཨིན་པས།
ཧེ་མ་འབད་བ་ཅིན་ དགེ་ཕྲུག་ཚུ་ ཁང་མིག་ཅིག་ནང་ སྤུངས་འཛོམས་འབད་དེ་ ཉལ་མི་ལུ་བརྟེན་ ནད་གཞི་དེ་ཚུ་ འཇམ་ཏོང་ཏོ་སྦེ་ ཁྱབ་སྤེལ་ཡར་སོ་ནུག་ཟེར་ མོ་གིས་ བཤདཔ་ཨིན་པས།
སྤྱི་ལོ་༢༠༡༡ གི་ ལོ་བསྟར་ཤེས་རིག་གི་ རྩིས་དཔྱད་དང་འཁྲིལཝ་ད་ འབྲུག་ལུ་ དགེ་འདུན་སློབ་གྲྭ་༣༨༨ ནང་ དགེ་སློང་༧,༢༤༠ དང་ ཨ་ནེམོ་༥,༡༤༩ ཡོདཔ་ད་ དགེ་འདུན་སློབ་ཕྲུག་ཚུ་གི་ གནས་སྟངས་བརྟག་དཔྱད་འབདཝ་ད་ ཉལ་ཁང་རེ་རེའི་ནང་ དགེ་ཕྲུག་༦ ལས་༡༥ གི་བར་ན་ ཉལ་མི་ལུ་བརྟེན་ གཟུགས་ཁམས་འཕྲོད་བསྟེན་གྱི་ གནས་སྟངས་ལེགས་ཤོམ་མེད་པའི་ གསལ་སྟོན་འབད་ནུག་ཟེར་ཨིན་པས།
སེམས་ཁམས་མཁས་མཆོག་ ཌོག་ཊར་བཙན་སྐྱོགས་རྡོ་རྗེ་གིས་ སླབ་མིའི་ནང་ ཕམ་མང་ཤོས་ཅིག་གིས་ར་ གཟུགས་སྟོབས་མེད་མི་ ཨ་ལུ་ཚུ་ དགེ་འདུན་སློབ་གྲྭ་དང་ ཨ་ནེམོ་གྲྭ་ཚང་ནང་ འཛུལ་ཞུགས་འབད་བཅུག་མི་ལུ་བརྟེན་ གཟུགས་ཁམས་འཕྲོད་བསྟེན་ལེགས་ཤོམ་མེད་མི་ལས་ དཀའ་ངལ་འབྱུང་ཉེན་འདུག་ཟེར་ཨིན་པས།
དགེ་འདུན་སློབ་གྲྭའི་ སློབ་དཔོན་ཚུ་གིས་ འབད་བ་ཅིན་ དགེ་འདུན་སློབ་གྲྭ་ནང་ འཛུལ་ཞུགས་འབད་ནི་གི་ ལོ་ཚད་དེ་ ལོ་༡༠ ཨིན་རུང་ ཕམ་ཡ་བྲལ་སོང་མི་དང་ དྭཝ་བུཚ་ཚུ་ ཁྱིད་འོང་པའི་བསྒང་ལས་ སྐྱེས་ལོ་༥ ལང་མི་ ཨ་ལུ་ཚུ་ཡང་ བྱ་ཐབས་མེད་པར་ བཙུགས་དགོཔ་བྱུངམ་མས་ཟེར་ཨིན་པས།
བདེ་ཆེན་ཕོ་བྲང་གི་དབུ་འཛིན་ དཀོན་མཆོག་ཚེ་རིང་གིས་ སླབ་མིའི་ནང་ སློབ་གྲྭ་དེ་གི་ དགེ་ཕྲུག་བརྒྱ་ཆ་༩༠ དེ་ཅིག་ བཟའ་ཚང་སྤྱང་ཀ་ཚུ་གི་ ཨ་ལུ་ཨིན་ཟེར་ཨིན་པས།
དེ་ལས་ དགེ་སློང་རྒན་ཤོས་དང་ ཨ་ནེམོ་ཚུ་གི་གྲས་ལས་ ལེ་ཤ་ཅིག་ར་ གུ་རམ་དང་ ཁྲག་ཤུགས་མཐོ་དྲགས་ཀྱི་ དཀའ་ངལ་ཚུ་ཡོདཔ་ད་ ཨ་ནེམོ་ཚུ་གིས་འབད་བ་ཅིན་ ཁོང་ལུ་ ཁྲག་ཉུང་ནད་གཞི་ཐོབ་མས་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment