![]() |
ས་ཆ་བགོ་བཀྲམ་འབད་ནིའི་དོན་ལུ་ གྲ་སྒྲིག་བཟོ་ཡོད་མི་ འོག་ཕུག་ས་ཁོངས། |
སའི་སྐྱིད་སྡུག་དེ་ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ སྤུ་ན་ཁ་ལུ་ དཔལ་བདེ་མཆོག་འཁོར་ལོའི་སྡོམ་པའི་དབང་ཆེན་གནང་བའི་སྐབས་ གུང་པ་རེ་ལུ་ ས་ཆ་ཌིས་༡༣ རེ་གནང་མི་དེ་ མི་དབང་མཆོག་གི་ སྐུ་མདུན་ལུ་ར་ ཁ་རྗེའི་རྟགས་རིལ་འཐུ་ཡོདཔ་ད་ ས་ཆ་དེ་ མགར་ས་རྫོང་ལས་ རྐང་ཐང་སྦེ་ སྐར་མ་༢༠ དེ་ཅིག་ འགྱོ་དགོ་པའི་ས་གནས་ཁར་ཡོདཔ་ཨིན་པས།
འོག་ཕུག་ལུ་ཡོད་པའི་གཞུང་ས་དེ་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་བདག་སྐྱོང་གིས་ ཤིང་དང་ཚལ་མ་ཚུ་རྫམ་ཐོག་ལས་ ས་ཆ་བགོ་བཀྲམ་འབད་ནིའི་དོན་ལུ་ གྲ་སྒྲིག་བཟོ་ཡོདཔ་ད་ གུང་པ་༡༩༧ ལུ་ སའི་སྐྱིད་སྡུག་ ས་ཆ་ཌིས་༡༣ རེ་ རྩིས་ཕབ་ད་ ས་ཆ་ཨེ་ཀར་༢༦ དེ་ཅིག་ གནང་ཡོདཔ་ཨིན་པས།
མགར་ས་རྫོང་བདག་ བསོད་ནམས་འཇིགས་མེད་ཀྱིས་སླབ་མིའི་ནང་ རྟགས་རིལ་སྒྲིལ་ཐོག་ལས་ གདམ་འཐུ་འབད་ཞིནམ་ལས་ ལག་ཁྲམ་བཟོ་ནིའི་དོན་ལུ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ནང་ཕུལ་ཡོདཔ་ལས་ ལག་ཁྲམ་ཐོབ་པ་ཅིན་ ས་ཆ་བགོ་བཀྲམ་འབད་ནི་ཟེར་ཨིནམ་ད་ དེའི་དོན་ལུ་ ས་ཁྲ་ཚུ་ཡང་ བཟོ་ཚར་ཡོདཔ་ཨིན་པས།
ལག་ཁྲམ་དེ་ཐོབ་ཚར་བའི་ཤུལ་ལས་ ཁྱིམ་རྐྱབ་ནི་འགོ་བཙུགས་ནི་ཨིནམ་ད་ ཁྱིམ་གྱི་བཟོ་བཀོད་དེ་ཡང་ རང་ལུགས་ཀྱི་ བཟོ་བཀོད་དང་འཁྲིལ་རྐྱབ་དགོ་ཟེར་ རྫོང་བདག་གིས་སླབ་ཡོདཔ་ད་ དེ་མིན་ ལ་ལུ་ཅིག་གིས་ ག་ཐོབ་སྦེ་རྐྱབ་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
རྫོང་བདག་གིས་འབད་བ་ཅིན་ འོག་ཕུག་ལུ་གློག་མེའི་ཞབས་ཏོག་དེ་ ལ་ཡ་རྒེད་འོག་གི་དོན་ལུ་འཐེན་ཡོད་པའི་ གློག་རྒྱུད་ལས་ འཐེན་ནི་ཟེར་ཨིནམ་ད་ འཁོར་ལམ་ཚུ་ཡང་ ད་ལྟོ་ རྒེད་འོག་གི་དོན་ལུ་ སེལ་བའི་བསྒང་ཡོད་ཟེར་ཨིན་པས།
དེ་མ་ཚད་ཁོ་གིས་འབད་བ་ཅིན་ ས་གནས་དེ་རྒྱ་སྦོམ་ཡོདཔ་ལས་ སེམས་ཅན་གྱི་དོན་ལུ་ ཆུ་དང་རྩྭ་ཡང་འབོར་ཆེ་ཏོག་ཏོ་ཡོདཔ་ཟེར་ཨིནམ་ད་ དེ་བཟུམ་གྱི་ས་གནས་ངོས་འཛིན་འབད་མི་དེ་ཡང་ ས་གནས་དེ་ཁར་ ལ་ཡཔ་༡,༠༠༠ ལྷགཔ་ཅིག་དང་ རྟ་༡,༠༠༠ ལྷགཔ་ཅིག་འཁྱམས་སའི་ས་གོ་དགོ་ཟེར་ཨིནམ་ད་ དེ་ཡང་ ཁོང་གིས་དགུན་ལུ་ས་ཁ་དམའ་ས་ལས་ འཚོ་བ་མཐུན་རྐྱེན་ཚུ་བཏོན་དོ་ཡོདཔ་ལས་ མི་བ་ཡང་ རྟ་མང་སུ་འོང་དོ་ཟེར་ཨིན་པས།
ཨ་རྟག་འབད་བ་ཅིན་ ལ་ཡཔ་ཚུ་གིས་ སྤྱི་ཟླ་༩ པ་དེ་ཅིག་ལས་ ས་ཁ་དམའ་ས་ འོང་ནི་འགོ་བཙུགས་མི་དེ་གིས་ གཞུང་ལམ་དང་ གཡུས་ཚན་ དེ་ལས་ རྫོང་གཞིས་ཚུ་གི་ རྩ་བ་ལས་ཕར་ གནས་སྐབས་ཀྱི་སྒར་བཅགས་ཏེ་སྡོད་ཞིནམ་ལས་ ལོག་ཁོང་རའི་ གཡུས་ཁར་ སྤྱི་ཟླ་༢ པ་དང་༣ པའི་ནང་ འགྱོ་དོ་ཡོདཔ་ཨིན་རུང་ གནམ་དགུན་ལུ་ ས་ཁ་དམའ་ས་འོང་མི་དེ་ཡང་ ཁཝ་རྐྱབ་ནི་དེ་གིས་ ཁོང་རའི་གཡུས་ཁར་ སྡོད་མ་ཚུགས་པའི་ དཀའ་ངལ་ལུ་བརྟེན་ཨིན་པས།
རྫོང་བདག་གིས་འབད་བ་ཅིན་ ལ་ཡཔ་ཚུ་གིས་ སྒར་ཚུ་ ག་ལྷོད་བཅགས་ཏེ་སྡོད་པའི་སྐབས་ མཐའ་འཁོར་ལུ་ ཁམས་ལོག་སི་སི་བཟོ་བའི་ཁར་ ཕྱགས་སྙིགས་ལུ་བརྟེན་ རང་བཞིན་གནས་སྟངས་ཡང་ ཉམས་ཉེན་འདུག་ཟེར་ཨིན་པས།
ལ་ཡ་རྒེད་འོག་གི་ཚོགས་པ་ དབང་རྒྱལ་གྱིས་སླབ་མིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སའི་སྐྱིད་སྡུག་གནང་མི་དེ་གིས་ ལ་ཡཔ་ཚུ་ གནམ་དགུན་ལུ་ གནས་སྐབས་ཀྱི་ སྒར་བཅགས་སྡོད་ནིའི་ དཀའ་ངལ་ཚུ་ སེལ་ཚུགས་ནི་མས་ཟེར་ཨིནམ་ད་ གནམ་དགུན་ལུ་ ཁ་དམའ་ས་འོང་དགོ་མི་དེ་ རྒན་རྒས་ཚུ་ གྱང་ཤུགས་ཀྱིས་ སྡོད་མ་ཚུགས་མི་ལུ་བརྟེན་ཨིན་པའི་ཁར་ འབྲུ་སྣའི་རིགས་མ་འཚོ་ནི་དེ་གིས་ མཐུན་རྐྱེན་ཚུ་བཏོན་པར་ཡང་ འོངམ་ཨིན་ཟེར་ཨིན་པས།
སྐྱེས་ལོ་༧༣ ལང་མི་ ཨ་རྒས་པ་སངས་ཀྱིས་འབད་རུང་ ད་ལས་ཕར་ སྐྱིད་སྡུག་གི་ས་ཆའི་ནང་ ཁྱིམ་རྐྱབ་སྟེ་ སྡོད་ནིའི་གོ་སྐབས་ཡོདཔ་ལས་ དཀའ་ངལ་སེལ་ཚུགས་ནི་མས་ཟེར་ཨིནམ་ད་ ས་གནས་ནང་སྡོད་མི་༡,༠༠༠ ལྷགཔ་ཅིག་གི་གྲས་ཁར་ སློབ་ཕྲུག་ཚུ་ཡང་ འོང་ནི་ཨིན་པའི་གནས་ཚུལ།
མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment