གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༥/༣/༢༠༡༣    ཁྲིམས་ཡིག་དང་ སྒྲིག་གཞི་ཚུ་ ཁ་གསལ་དགོཔ།
༉ འབྲུག་གི་ སྤྱི་ཚོགས་དང་འབྲེལ་བའི་ དམངས་གཙོའི་གཞུང་གཞི་བཙུགས་འབདཝ་དང་འབྲེལ་ སྤྱི་ལོ་༢༠༠༨ ལུ་ སྤྱི་ཚོགས་དང་པ་གིས་ ཆ་འཇོག་གྲུབ་མི་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ རྒྱལ་ཡོངས་ཚོགས་སྡེ་དེ་ ད་རིས་ ལོ་ལྔའི་གནས་ཡུན་ཚངམ་ཅིག་ དེ་གི་ནངས་པ་ བསྐྱར་འཛུགས་འབད་དགོཔ་ཨིན།


རྩ་ཁྲིམས་འདི་ནང་ དེ་སྦེ་འཁོད་ཡོད་ནི་དེ་གིས་ རྒྱལ་ཡོངས་ཚོགས་སྡེ་༡ པའི་འཐུས་མི་ཚུ་ དགོངས་ཞུ་འབད་མི་འབད་ སེམས་ཐག་བཅད་མ་ཚུགས་པར་ མགུ་འཐོམས་པའི་ཤུལ་ལུ་ འཐུས་མི་༢༠ ལས་༡༦ གིས་ གནས་ཡུན་མ་ཚངམ་ལས་ དགོངས་ཞུ་འབད་ཡི།
འཐུས་མི་༡༥ གིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ ལོག་བཅའ་མར་གཏོགས་ནི་དང་༡ སྲིད་ཚོགས་ནང་ འཛུལ་ཞུགས་འབད་ནིའི་དོན་ལུ་ དགོངས་ཞུ་འབད་ཡོདཔ་ལས་ ད་ལྟོ་ འབྲུག་མངའ་བདག་རྒྱལ་པོ་གིས་ བསྐོ་བཞག་གནང་མི་ ཁྱད་ལྡན་གྱི་ མི་ངོ་༥ རྩིས་ཏེ་ འཐུས་མི་༩ རྐྱངམ་གཅིག་ ཚོགས་སྡེའི་ནང་ ལུས་ཡོདཔ་ལས་ གྲོས་བསྡུར་འབད་དགོ་པ་ཅིན་ ཚོགས་གྲངས་ཚངམ་སྦེ་མེད་ནི་དེ་གིས་ གྲོས་ཐག་ག་ཅི་ཡང་ བཅད་ཐབས་མེདཔ་ཨིན་མས།
མ་གཞི་ ཁྲིམས་དོན་མཁས་མཆོག་ཚུ་གིས་ སླབ་མིའི་ནང་ ཁྲིམས་ཀྱི་མ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་ གནས་ཡུན་ལོ་ལྔ་ཧྲིལ་བུ་ཚང་དགོཔ་ཨིན་རུང་ འཐུས་མི་ག་ཨིན་རུང་ གནས་ཡུན་མ་ཚངམ་ལས་ དགོངས་ཞུ་འབད་ནི་ལས་ བཀག་ཆ་འབད་ཐབས་མེད་ཟེར་ཨིན་མས།
ད་ལྟོའི་གནས་སྟངས་ནང་ལྷོདཔ་ད་ རྒྱལ་ཡོངས་ཚོགས་སྡེའི་ གནས་ཡུན་དེ་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ ཚང་ནི་ཨིན་རུང་ འཐུས་མི་མང་ཤོས་ར་ དགོངས་ཞུ་འབད་ཡོདཔ་ལས་ ཚོགས་ཁང་རྩ་གྲོལ་མ་འགྱོཝ་ཙམ་ཅིག་སྦེ་ གནས་ཡོདཔ་ལས་ ད་ལྟོ་ གཞུང་སྐྱོང་ལྷན་སྡེ་རྩ་གྲོལ་མ་འགྱོ་བར་ཡོད་པའི་ ནམ་དུས་ལུ་ གཞུང་སྐྱོང་གི་ ཕྱག་ལཱ་ཚུ་ བསྐྱར་ཞིབ་འབད་ནིའི་ ཚོགས་གྲངས་མེད་པའི་ ཚ་གྱང་ཡོད་ཟེར་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་གྱིས་ སླབ་ཨིན་མས།
འདི་འབདཝ་ད་ ཁྲིམས་དོན་མཁས་པ་ཚུ་གིས་འབད་བ་ཅིན་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་མཇུག་དེ་ སྤྱི་ཟླ་༣ པའི་བདུན་ཕྲག་དང་པའི་ནང་ མཇུག་བསྡུ་ཡོདཔ་ལས་ སྤྱི་ཚོགས་དེ་ རྩ་གྲོལ་འགྱོ་དོ་བཟུམ་ཨིནམ་ལས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཆ་མཉམ་ཡོད་རུང་ འཛིན་སྐྱོང་ལྷན་སྡེ་དང་ ཁྲིམས་བཟོ་ལྷན་སྡེའི་ རང་དབང་ཐ་དད་ཨིནམ་ལས་ ཚོགས་སྡེ་གིས་ གཞུང་གི་མཛད་བྱ་དང་ སྲིད་བྱུས་ འཆར་དངུལ་ལ་སོགས་པ་ཚུ་ལུ་ བསྐྱར་ཞིབ་འབད་ནི་གི་ དབང་ཚད་མེད་ཟེར་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་ འགན་ཁུར་ངོ་མ་ར་ ཁྲིམས་ཡིག་བརྩམ་ནི་དང་ ཚོགས་ཁང་འོག་མ་ རྒྱལ་ཡོངས་ཚོགས་འདུ་ལས་བཏང་མི་ དཔྱད་ཡིག་ཚུ་ བསྐྱར་ཞིབ་འབད་ནི་ དམིགས་བསལ་དུ་ རྒྱལ་ཁབ་ཀྱི་ རང་བཙན་དང་བདེ་སྲུང་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ གནོད་ཉེན་ཡོན་པའི་ གནད་དོན་ཚུ་ བསྐྱར་ཞིབ་འབད་ནི་རྐྱངམ་གཅིག་ འབད་ནི་དེ་གིས་ཨིན་མས།
གནས་སྐབས་ཀྱི་གཞུང་ དུས་ཡུན་ཟླཝ་༣ གཞི་བཙུགས་འབད་བའི་སྐབས་ལུ་ཡང་ རྒྱལ་ཡོངས་ཚོགས་སྡེ་གིས་ གནད་དོན་ག་ཅིའི་སྐོར་ལས་ཨིན་རུང་ ཐག་བཏོག་མི་ཆོག་ནི་ཨིན་མས།
རྒྱལ་ཡོངས་ཚོགས་སྡེའི་ བྱ་སྒོའི་རིམ་པ་ཚུ་ ཁ་གསལ་ཡོད་རུང་ རྩ་ཁྲིམས་ཆེན་མོའི་ནང་ འཐུས་མི་ཚུ་ གནས་ཡུན་ལོ་༥ ཚང་དགོཔ་སྦེ་ཡོདཔ་ལས་ གནས་ཡུན་མ་ཚང་པའི་ཧེ་མར་ དགོངས་ཞུ་འབད་ཆོག་མི་ཆོག་གི་ ཁྲིམས་ལུགས་ཁ་གསལ་ཅིག་ཡོད་པ་ཅིན་ འཐུས་མི་ཁོང་ར་གིས་ ཆ་འཇོག་གྲུབ་མི་ སྤྱི་ཚོགས་འཐུས་མིའི་ཐོབ་ཐངས་བཅའ་ཁྲིམས་ཀྱིས་ ཁོང་རའི་སྐེ་བསྡམས་ཡོདཔ་བཟུམ་ མི་འགྱོ་ནི་དང་ འཐུས་མི་ཚུ་ ལོག་བཙག་འཐུའི་ནང་ དོ་འགྲན་འབད་ནི་གི་ དང་འདོད་ཡོད་མི་ཚུ་ལུ་ཡང་ མགུ་འཐོམ་དགོཔ་ མི་འབྱུང་ཟེར་ ཞུ་ནི་ཨིན།

No comments:

Post a Comment