གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧཱ་དཀར་འཚོ་རྒེད་འོག་གིས་ བསྟན་འཛིན་ནོར་བུ་ གདམ་འཐུ་འབད་ཡོདཔ།

༢༣/༣/༢༠༡༣   ༉ ཁ་ཙ་ ཧཱ་དཀར་འཚོ་རྒེད་འོག་ནང་ རྒྱལ་ཡོངས་ཚོགས་སྡེའི་མི་ངོམ་༢ ཐོན་མིའི་གྲས་ལས་༡ གདམ་འཐུ་འབད་ནིའི་དོན་ལུ་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་ཆོག་མི་༤༠༠ དེ་ཅིག་ཡོད་མི་ལས་༢༣༤ གིས་ བཅའ་མར་གཏོགས་ཡི།
གདམ་འཐུ་གྲུབ་མི་ བསྟན་འཛིན་ནོར་བུ་(གཡོན་ཁ་ཐུག་)དང་ ཌོག་ཊར་ ནོར་བུ་དབང་ཕྱུག།


ལྟ་བཤལ་ལམ་སྟོན་པ་ཨིན་མི་ བསྟན་འཛིན་ནོར་བུ་གིས་ ཚོགས་རྒྱན་༡༥༡ ཐོབ་ཡོདཔ་ད་ ཌོག་ཊར་ཨིན་མི་ ནོར་བུ་དབང་ཕྱུག་གིས་ ཚོགས་རྒྱན་༨༣ ལས་བརྒལ་མ་ཐོབ་ནི་དེ་གིས་ དཀར་འཚོ་རྒེད་འོག་གིས་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ བསྟན་འཛིན་ནོར་བུ་ གདམ་འཐུ་འབད་ཡོདཔ་ཨིན།
བསྟན་འཛིན་ནོར་བུ་གིས་ རྒྱ་གར་ སི་ཀིམ་མ་ནི་པཱལ་གཙུག་ལག་སློབ་སྡེ་ནང་ལས་ ཚོང་འབྲེལ་བདག་སྐྱོང་ནང་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་ཡོདཔ་ཨིན་པས།
བསྟན་འཛིན་ནོར་བུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་རའི་ རྒེད་འོག་གི་ མི་སེར་ཚུ་ལས་ རྒྱབ་སྐྱོར་ཡོདཔ་ཤེས་པའི་ཤུལ་ལུ་ སེམས་དགའ་ཡི་ཟེར་ཨིནམ་མ་ཚད་ ད་ལས་ཕར་ རྒྱལ་ཡོངས་ཚོགས་སྡེའི་ མཐའ་བཅད་བཙག་འཐུའི་དོན་ལུ་ གྲ་སྒྲིག་འབད་ནི་ཨིན་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ སྦོ་ལོགས་ཁར་ ལྷོད་དེ་འབད་རུང་ གཡུས་ཁའི་མི་སེར་ལ་ལུ་ཅིག་གིས་ རང་གི་ རྒེད་འོག་ནང་ལས་ འདེམས་ངོ་ག་ཐོནམ་ཨིན་ན་ ལེགས་ཤོམ་སྦེ་ ངོ་མི་ཤེས་དོ་ཡོདཔ་ཨིན་པས།
དཀར་འཚོ་རྒེད་འོག་ནང་ལས་ སྐྱེས་ལོ་༨༣ ལང་མི་ བླམ་སངས་རྒྱས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོ་ར་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ཨིན་རུང་ གདམ་ངོ་༢ ཐོན་མིའི་གྲས་ལས་ ལྕོགས་གྲུབ་ག་ལུ་ཡོདཔ་ཨིན་ན་དང་ ལཱ་གི་ཉམས་མྱོང་ག་དེ་སྦེ་ ཡོདཔ་ཨིན་ནའི་སྐོར་ལས་ མི་ཤེས་ཟེར་ཨིན་པས།
མ་གཞི་ ཁོ་ར་ཚོགས་རྒྱན་བཙུགས་པར་འོང་དགོ་མི་དེ་ ད་རེས་ནངས་པ་ ཚོགས་རྒྱན་ཕུད་རྡོག་གཅིག་གིས་ཡང་ ཁྱད་པར་སྦོམ་བཟོ་ཚུགས་ནི་ཨིནམ་ལས་ རྩ་འགེངས་ཏེ་ ཚོགས་རྒྱན་བཙུགས་པར་ འོང་ཡི་ཟེར་ཨིན་པས།
ཚོགས་སྡེའི་བཙག་འཐུ་དོན་ལུ་ བཅའ་མར་གཏོགས་མི་དེ་ ཁོ་རའི་ བུཚ་ཨིན་ཏེ་འབད་རུང་ དེ་ལུ་ ལྕོགས་གྲུབ་མེད་པ་ཅིན་ ཚོགས་རྒྱན་མི་བཙུགས་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ ལྕོགས་གྲུབ་ཡོད་མི་དེ་ ཁོ་རའི་ བྱང་ཕྱད་ཨིན་ཏེ་འབད་རུང་ ཁོ་རའི་ ཚོགས་རྒྱན་ཕུད་རྡོག་གཅིགཔོ་དེ་ དེ་ལུ་བཙུགས་འོང་ཟེར་ བླམ་སངས་རྒྱས་ཀྱིས་ བཤདཔ་ཨིན་པས།
ད་ལྟོ་ ཧཱ་རྫོང་ཁག་གི་ མི་སེར་སོ་ནམ་པ་ཚུ་ ཀེ་བ་བཙུགས་པའི་ དུས་ཚོད་ཨིན་ཏེ་འབད་རུང་ མི་སེར་མང་ཤོས་ཅིག་གིས་ རང་གི་ལཱ་ཚུ་ རྒྱབ་ཁར་བཀོག་བཞག་སྟེ་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ཨིན་པས།
ཨིང་གོ་ལས་ སྒྲོལ་མ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མོ་ར་ མི་གཞན་གྱི་ལཱ་སར་ཨིན་ཏེ་འབད་རུང་ ཉིན་མའི་ལྟོ་ ཟ་ཚར་ཞིནམ་ལས་ དུས་ཚོད་དུམ་གྲ་ཅིག་བཏོན་ཏེ་ ཚོགས་རྒྱན་བཙུགས་པར་ འོང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༥༧ ལང་མི་ ཚེ་རིང་དེ་ཡང་ ཁྱིམ་ནང་ ཁོ་ར་རྐྱངམ་གཅིག་ལས་མེད་རུང་ ཞིང་ནང་ལཱ་འབད་མི་ཚུ་གི་ བཞེས་སྒོ་ཚུ་ དྲོ་པ་ཧ་སག་ལོང་སྟེ་ བཟོ་བཞག་པའི་ཤུལ་ལུ་ ཚོགས་རྒྱན་བཙུགས་པར་ འོང་ཡི་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོགས་རྒྱན་ཕུད་རྡོག་གཅིག་ལས་ མ་བཙུགས་ཏེ་འབད་རུང་ རང་གིས་ ལྕོགས་གྲུབ་ཅན་གྱི་མི་ངོམ་ གདམ་འཐུ་འབད་ནིའི་ དབང་ཚད་ཡོདཔ་ལས་ དབང་ཚད་ལག་ལེན་འཐབ་དགོཔ་དེ་ ཁག་ཆེ་བས་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ དུས་ཚོད་མི་ཁོམས་མས་ཟེར་མནོ་སྟེ་ ཚོགས་རྒྱན་མ་བཙུགས་པར་ སྣང་མེད་བཞག་པ་ཅིན་ རང་གིས་མནོ་མི་དེ་ གདམ་འཐུ་འབད་མི་ཚུགས་པས་ཟེར་ཨིན་པས།
མི་སེར་ལ་ལུ་ཅིག་གིས་ རང་གི་ཞིང་ནང་ ཀེ་བ་བཙུགས་ནི་ཡང་ ཕར་འཕུད་རྐྱབ་སྟེ་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ཨིན་པས།
ཨིན་རུང་ ཧཱ་ཁྲོམ་སྡེའི་གདམ་ངོའི་དོན་ལུ་ དགོ་དང་མི་དགོ་གི་ ཚོགས་རྒྱན་དེ་ ད་རིས་ བཙུགས་ནི་ཨིན་པས།
ཧཱ་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ ཚེ་རིང་རྡོ་རྗེ་གིས་ ལོག་བཅའ་མར་གཏོགས་ནིའི་དོན་ལུ་ དགོངས་ཞུ་འབད་ཡོདཔ་བཞིན་དུ་ སྦྱིས་རྒེད་འོག་གི་ འཛོམས་འདུ་དེ་ སྤྱི་ཟླ་༣ པའི་ཚེས་༢༥ ལུ་ འགོ་འདྲེན་འཐབ་ནི་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།








No comments:

Post a Comment