གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༣༠/༣/༢༠༡༣   ཁྲོམ་ཁར་ རྟ་ནོར་སེམས་ཅན་ཚུ་ འཁྱམས་སྡོད་མི་ལུ་ ལྟ་རྟོག་འབད་མི་མེདཔ་ཨིན་ན?
༉ འབྲུག་རྒྱལ་ཁབ་ནང་ རྫོང་ཁག་༢༠ ཡོད་པའི་ནང་ལས་ ཆུ་ཁ་རྫོང་ཁག་འོག་གི་ ཕུན་ཚོགས་གླིང་ཁྲོམ་དེ་ཡང་ ཁྲོམ་སྡེ་ཀ་པའི་ནང་ ཚུད་ཡོདཔ་ཨིནམ་ ག་ར་གིས་ མ་མཁྱེནམ་ཅིག་ མེད་ཟེར་ཞུ་ནི།



དེ་འབདཝ་ད་ ད་རེས་ནངས་པ་ ཁྲོམ་ཁ་ལས་ཕར་ རྟ་ནོར་སེམས་ཅན་ཚུ་ འཁྱམས་སྡོད་སར་མཐོང་མི་ལུ་བལྟ་བ་ཅིན་ ཁྲོམ་སྡེའི་ཁ་ཐུག་ལས་ ག་ནི་ཡང་ ངོས་ལེན་མ་འབད་བར་ སྣང་མེད་སྦེ་བཞག་དོ་བཟུམ་ཅིག་ མཐོངམ་མས་ཟེར་ཞུ་ནི།
ཕུན་ཚོགས་གླིང་ཁྲོམ་དེ་ཡང་ རྒྱལ་ས་ལྟེ་བ་ཐིམ་ཕུ་བཟུམ་སྦེ་ རྫོང་ཁག་༢༠ གི་ མི་སེར་ཚུ་དང་ ལྟ་བཤལཔ་ཚུ་ འཛོམས་ས་ཨིནམ་མ་ཚད་ ལྷག་པར་དུ་ ཁྱིམ་ཚང་རྒྱལ་ཁབ་ཀྱི་ མི་ཚུ་འཛུལ་ཞུགས་འབད་སའི་ ས་གོ་ངོ་མ་ཅིག་ཨིན་ཟེར་ཞུ་ནི།
ན་ཧིང་ལས་ འགོ་བཙུགས་ཏེ་ ད་ཚུན་གྱི་རིང་ གླ་འཁོར་བཞག་སའི་ས་ཁོངས་ཀྱི་ ཕར་ཁ་ཐུག་ལུ་བལྟ་བ་ཅིན་ རྟ་ལེ་ཤ་ཅིག་ར་ དུས་ཡུན་ཆུ་ཚོད་༥ དང་༦ དེ་ཅིག་ཚུན་ ཐགཔ་བཏགས་ཏེ་ བཞག་དོ་ཡོདཔ་ལས་ ལམ་ཁ་ལས་ཕར་ རྟའི་ཨ་བ་གིས་གངམ་མ་ཚད་ ཁམས་ལོག་སི་སི་བཟོ་སྟེ་ དྲིམ་མནམ་མས་ཟེར་ཞུ་ནི།
ལམ་དེ་ཁར་ དྲོ་པ་དང་ ཕྱི་རུའི་དུས་ཚོད་ལུ་ མི་ཚུ་ ལུས་སྦྱོང་འབད་དོ་ཡོདཔ་མ་ཚད་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་སྡོད་མི་ཚུ་ཡང་ ས་ཁོངས་དེ་ནང་ ལུས་སྦྱོང་འབད་བར་ འོངམ་མས་ཟེར་ཞུ་ནི།
དེ་མ་ཚད་ རེས་ཅིག་སྐབས་ ཕྱིའི་ལྟ་བཤལཔ་ཚུ་ཡང་ ལམ་དེ་བདའ་སྟེ་ ཁམས་སངས་འགྱོ་བའི་ཁར་ པར་བཏབ་སྡོད་སར་ མཐོངམ་མས་ཟེར་ཞུ་ནི།
ཁྲོམ་གྱི་འོག་ལུ་ སྣ་ཚོགས་སྣུམ་འཁོར་འཁྱུ་ས་ལས་ཕར་ཡང་ འཕྲལ་འཕྲལ་སྦེ་ར་ རྟ་ནོར་སེམས་ཅན་ཚུ་ འཁྱམས་སྡོད་སར་མཐོངམ་ད་ ཕུན་ཚོགས་གླིང་ཁྲོམ་དེ་ རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་ མི་ཚུ་གི་གདོང་ཁར་ མཛེས་ཏོག་ཏོ་ཅིག་ མི་མཐོངམ་མས་ཟེར་ཞུ་ནི།
དེ་ལས་ ན་གཞོན་དཔལ་རི་གི་ ས་ཁོངས་ལས་ཕར་བལྟ་བ་ཅིན་ རྟ་དང་ནོར་ཚུ་འཁྱམས་སའི་ ས་ཁོངས་ངོ་མ་ཅིག་ལུ་ གྱུར་སོ་ནུག་ཟེར་ཞུ་ནི།
གོང་ལུ་ཞུ་མི་ ས་གོ་ཚུ་ནང་ རྟའི་ཨ་བ་གིས་ ཁྲོམ་སྡེའི་ལམ་དང་ མི་འགྱོ་སའི་ལམ་ཚུ་ དྲི་ངན་གྱིས་ཁྱབ་པའི་ཁར་ མཛེས་ཏོག་ཏོ་མ་མཐོངམ་ལས་ ལུས་སྦྱོང་འབད་མི་དང་ རྐང་ཐང་འགྱོ་མི་ དེ་ལས་ ཐ་ན་ སློབ་གྲྭ་ནང་འགྱོ་མི་ སློབ་ཕྲུག་ཚུ་ལུ་ཡང་ སྟབས་མ་བདེཝ་ བྱུངམ་མས་ཟེར་ཞུ་ནི།

དེ་འབདཝ་ལས་བརྟེན་ འབྲེལ་ཡོད་དབང་འཛིན་ཚུ་གིས་ གོང་ལུ་ཞུ་མི་ གནད་དོན་དེ་གི་སྐོར་ལས་ ཞིབ་དཔྱད་ཅིག་ མཛད་གནང་པ་ཅིན་ སྤྱིར་བཏང་ཁྲོམ་ནང་སྡོད་མི་ཚུ་ལུ་ ཕན་ཐོགས་འབྱུང་ཚུགས་ནི་ཨིན་པའི་ཁར་ ལྷག་པར་དུ་ ཕུན་ཚོགས་གླིང་གི་ཁྲོམ་དེ་ ཕྱི་མི་ཚུ་གི་གདོང་ཁར་ མཛེས་ཆ་དང་ལྡནམ་སྦེ་ བཞག་ཚུགས་ནི་མས་ཟེར་ ཞུ་ནི་ཨིན།

སངས་རྒྱས་ཚེ་དབང་།
ཕུན་ཚོགས་གླིང་ཁྲོམ།

No comments:

Post a Comment