གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙོན་པ་༣༠ གིས་ བཙོན་ཁྲིམས་ཀྱི་ ལོ་གྲངས་ལྷག་ལུས་ བཙོན་ཁང་གི་ཕྱི་ཁར་ ཕྱག་ཞུ་ནི།

༢༥/༣/༢༠༡༣   ༉ བཙོན་ཁྲིམས་ལོ་༥ ལས་༢༠ ཚུན་ཕོག་མི་ བཙོན་པ་༣༠ གིས་ ད་ལྟོ་ཚུན་ཚོད་ ལྕམ་སྒང་བཙོན་ཁང་ནང་ ཀུན་སྤྱོད་རྣམ་གཞག་ ལེགས་ཤོམ་བཏོན་ཐོག་ལས་ ཕྱག་ཞུ་མི་ལུ་བརྟེན་ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ བཙོན་ཁང་ནང་ལས་ ཕྱི་ཁར་བཏོན་ཡོདཔ་ཨིན་པས།


དེ་ཡང་ ཁོང་ཆ་ཁྱབ་ མཆོད་རྟེན་སློངས་མི་དང་ དབང་བཙོང་ལུས་འབྲེལ་ དེ་ལས་ དམར་བསད་འབད་ནི་ལུ་ དཔའ་བཅམ་འབད་བའི་ ཉེས་ཁྲིམས་ཕོག་མི་ཚུ་ཨིནམ་ད་ བཙོན་པ་ཚུ་གིས་ རང་སོའི་ཁྱིམ་ནང་ ལོག་མ་འགྱོ་བའི་ཧེ་མར་ སྤ་རོ་ལུ་ ཉམས་གསོ་ཞུ་བའི་བསྒང་ཡོད་མི་ དབུ་སྐྲ་དགོན་པའི་ནང་ ལཱ་འབད་ནི་ཨིན་པས།
བཙོན་པ་༣༠ པོ་དེ་ ལྕམ་སྒང་བཙོན་ཁང་ནང་ལས་ ཉེས་ཁྲིམས་མར་ཕབ་དང་ ལཱ་ལེགས་ཤོམ་འབད་བའི་ ཁྲིམས་ཡངས་ཆག་ཐོབ་མི་ སྡེ་ཚན་དང་པ་ཨིནམ་ད་ བཙོན་ཁྲིམས་ཀྱི་ གནས་ཡུན་ལྷག་ལུས་ཚུ་ བཙོན་ཁང་གི་ ཕྱི་ཁར་སྦེ་ ཕྱག་ཞུ་ཆོག་ནི་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཉེས་ཁྲིམས་མར་ཕབ་ཐོག་ ཁྲིམས་ཡངས་སུ་ བཀལ་ནི་གི་ ལས་འགུལ་དེ་ མ་འདྲཝ་ཅིག་ཨིན་མི་དེ་ཡང་ བཙོན་པ་གཞན་ཚུ་གིས་ཡང་ མནོ་བསམ་ལེགས་ཤོམ་སྦེ་ བཏང་ཐོག་ལས་ བཙོན་ཁང་གི་ ལས་བྱེདཔ་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ ལཱ་འབད་ནི་གི་ གོ་སྐབས་བྱིན་ཐབས་ལུ་དམིགས་ཏེ་ཨིན་ཟེར་ཨིན་པས།
ལས་འགུལ་དེ་ཡང་ གལ་སྲིད་ བཙོན་པ་ཚུ་གིས་ ཧེ་མའི་ བསམ་སྤྱོད་ཚུ་ བསྒྱུར་བཅོས་འབད་དེ་ ལེགས་པའི་ལམ་ཕྱོགས་ལུ་ ཞུགས་ཚུགས་པ་ཅིན་ ཁྲིམས་མཐུན་ཐོག་ བཙོན་ཁང་ནང་ལས་ གཏང་ནི་གི་ ཐབས་ལམ་ཡོདཔ་ ཧ་གོ་བཅུག་ནིའི་དོན་ལུ་ཨིན་ཟེར་ འགག་སྡེའི་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་པའི་གཙོ་འཛིན་ མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་འབད་བ་ཅིན་ ལམ་ལུགས་དེ་ལུ་བརྟེན་ བཙོན་ཁང་ནང་ བཙོན་པ་མ་ཤོང་པའི་ དཀའ་ངལ་མར་ཕབ་ འབད་ཚུགས་པའི་ ཕན་ཐབས་ཡོད་མི་གིས་མ་ཚད་པར་ བཙོན་པ་ཚུ་ བཙོན་ཁྲིམས་ཀྱི་དུས་ཡུན་ མ་ཚངམ་ལས་ ལཱ་འབད་དེ་ འོང་འབབ་བཟོ་ནི་དང་འབྲེལ་ བཙོན་ཁྲིམས་ཀྱི་ ལོ་གྲངས་ཚང་པའི་བསྒང་ལས་ རང་སོའི་བཟའ་ཚང་ཚུ་དང་གཅིག་ཁར་ སྡོད་ཚུགསཔ་ བཟོ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
བཙོན་པ་ཚུ་ ད་རེས་ མི་སེར་གཞན་ཚུ་དང་གཅིག་ཁར་ ལཱ་འབད་བར་ བཏང་མི་དེ་གིས་ ལོག་སྟེ་མི་སྡེ་དང་ འབྲེལ་བ་བཟོ་ཚུགས་ཟེར་ སླབ་ཨིན་པས།
ཨིན་རུང་ བཙོན་པ་ཚུ་ བཙོན་ཁང་ནང་ལས་ ལོག་བཏང་པའི་སྐབས་ འགན་ལེན་པ་རེ་དགོ་མི་དེ་ཡང་ གལ་སྲིད་ བཙོན་པ་དེ་གིས་ བཙོན་ཁྲིམས་ཀྱི་ ལོ་གྲངས་མ་ཚངམ་ལས་ བྱོག་སོང་པ་ཅིན་ འགན་ལེན་པ་དེ་གིས་ ལོག་འཛིན་བཟུང་འབད་ནིའི་ནང་ རྒྱབ་སྐྱོར་འབད་དགོཔ་བཞིན་དུ་ ལོག་འཛིན་བཟུང་འབད་མ་ཚུགས་པ་ཅིན་ བཙོན་ཁྲིམས་ཀྱི་ དུས་ཡུན་ལྷག་ལུས་ཚུ་ འཕྲོ་མཐུད་དེ་ ཁོ་ར་གིས་ ཕྱག་ཞུ་དགོཔ་ཨིན་ཟེར་ ཁྲིམས་སྲུང་འགག་པའི་ གཙོ་འཛིན་གྱིས་ བཤདཔ་ཨིན་པས།
བཙོན་ཁང་གི་ ཕྱི་ཁར་སྦེ་ ཕྱག་ཞུ་ནིའི་ ལམ་ལུགས་ཀྱི་དོན་ལུ་ བཙོན་པ་ཚུ་གི་ ཀུན་སྤྱོད་རྣམ་གཞག་དང་འཁྲིལ་ བཙོན་ཁང་ཚོགས་ཆུང་གིས་ ཁྱད་ཆོས་ཚང་མ་ཚང་ དབྱེ་དཔྱད་འབད་ནི་ཨིན་རུང་ བཙོན་པ་དེ་གིས་ བཙོན་ཁྲིམས་ཀྱི་དུས་ཚོད་ གསུམ་དཔྱ་༤ བཙོན་ཁང་ནང་ར་ ཕྱག་ཞུ་དགོཔ་ཨིན་པས།
དེ་བཟུམ་སྦེ་ ཚེ་བཙོན་ཕོག་མི་ཚུ་གི་ཐད་ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ དགོངས་ཡངས་འཐོབ་ནིའི་དོན་ལུ་ ལོ་༡༠ གྱི་རིང་ ཀུན་སྤྱོད་རྣམ་གཞག་ ལེགས་ཤོམ་བཏོན་དགོཔ་ད་ བཙོན་ཁང་གི་ཕྱི་ཁར་སྦེ་ ཕྱག་ཞུ་ནིའི་དོན་ལུ་ བཙོན་ཁྲིམས་ལོ་༡༥ བཙོན་ཁང་ནང་སྦེ་ར་ ཕྱག་ཞུ་དགོ་ཟེར་ཨིན་པས།
ད་རེས་ བཙོན་ཁང་ནང་ལས་ ཕྱི་ཁར་བཏོན་མི་ཚུ་ སེམས་དགའ་ཡོདཔ་ཨིན་རུང་ བཙོན་ཁང་ནང་ སྡོད་མི་ཚུ་གིས་ ཁོང་ཆ་ཁྱབ་ལུ་ཡང་ གོ་སྐབས་ལེགས་ཤོམ་དེ་ འཐོབ་ཚུགསཔ་བཟོ་ནིའི་དོན་ལུ་ ཕྱག་ལེགས་ཤོམ་སྦེ་ ཞུ་དགོ་པའི་ ཁ་བཀོད་བྱིན་ཡོདཔ་ཨིན་པས།
དབང་བཙོང་ལུས་འབྲེལ་ལུ་བརྟེན་ བཙོན་ཁྲིམས་ལོ་༡༠ ཕོག་མི་ བསམ་རྩེ་ལས་ ཕོ་སྐྱེས་ཅིག་གིས་ འདས་པའི་ལོ་༩ དང་ ཟླཝ་༤ གི་རིང་ ལྕམ་སྒང་བཙོན་ཁང་ནང་ ཕྱག་ཞུ་ཡོདཔ་ད་ བཙོན་ཁྲིམས་དུས་ཚོད་ལྷག་ལུས་ ཟླཝ་༦ དབུ་སྐྲ་དགོན་པ་ལུ་སྦེ་ ཕྱག་ཞུ་ནིའི་ གོ་སྐབས་ཐོབ་མི་ལུ་བརྟེན་ ཞིང་ཁམས་ནང་ ལྷོད་སོཔ་བཟུམ་སྦེ་ ཚོར་སྣང་བྱུང་ཡི་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ཤིང་མཁར་ལའུ་རི་ལས་ སྐྱེས་ལོ་༤༨ ལང་མི་ ཕོ་སྐྱེས་ཅིག་གིས་ བཙོན་ཁང་ནང་ ལོ་༡༠ ཕྱག་ཞུ་ཡོདཔ་ད་ ད་རེས་ མཐའན་མཇུག་ལུ་ ཁོ་རའི་ཨ་ལུ་༤ དང་ ཕྱད་ཚུགས་ནི་ཨིནམ་མ་ཚད་ ཁོང་ལུ་ རྒྱབ་སྐྱོར་འབད་ཚུགས་ནི་མས་ཟེར་ སླབ་ཨིན་པས།
ཁོ་གིས་ བཙོན་ཁང་ནང་ལས་ ཐོན་པའི་སྐབས་ ཁོ་རའི་ཆ་རོགས་ བཙོན་པ་གཞན་ཚུ་དང་གཅིག་ཁར་ ཕངམ་བཏབ་ཐོག་ལས་ ཁོང་གིས་འབད་རུང་ འདི་བཟུམ་མའི་ གོ་སྐབས་འཐོབ་ནིའི་དོན་ལུ་ ཕྱག་ལེགས་ཤོམ་སྦེ་ ཞུ་དགོ་ཟེར་སླབ་ནུག།
ད་རེས་ནངས་པ་ ལྕམ་སྒང་བཙོན་ཁང་ནང་ བཙོན་པ་༦༧༡ ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment