གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚེས་བཅུ་འགོ་བཙུགས་ཏེ་ མི་ལོ་༣༠༠ ལྷག་སོ་རུང་ ལྟདམོ་ལྟ་མི་ དུས་ཅི་བཟུམ་མེདཔ།

༢༣/༣/༢༠༡༣    ༉ མགར་ས་རྫོང་ནང་ ལོ་བསྟར་ཚེས་བཅུ་འགོ་བཙུགས་ཏེ་ མི་ལོ་༣༠༠ ལྷག་སོ་རུང་ ཚེས་བཅུ་མཇལ་བར་འོང་མི་ དུས་ཅི་བཟུམ་ མ་ཐོནམ་ལས་ རྫོང་ཁག་བདག་སྐྱོང་དང་ ཉེ་འདབས་ཀྱི་མི་ཚུ་ ཧ་ལས་པའི་ གཞི་གནད་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ སྤྱི་ལོ་༣༠༡༡ ཚུན་ ཚེས་བཅུ་མཇལ་བར་འོང་མི་༡༠༠ དེ་ཅིག་ཡང་ འཛོམས་ནི་མེདཔ་ཨིན་རུང་ དུས་ཅི་ མི་༡,༠༠༠ ལྷགཔ་ཅིག་འཛོམས་ནུག།

མགར་སའི་ཚེས་བཅུ་ འགོ་དང་པ་ མཇལ་བར་འོང་མི་ ཟླ་བ་པདྨ།


དུས་ཅི་ མི་མང་རབས་ཅིག་ སྤུངས་འཛོམས་འབད་མིའི་ གནད་དོན་གཙོ་བོ་ར་ མགར་ས་ལུ་ རྫོང་ཁག་གཞན་བཟུམ་སྦེ་ གར་ འཆམ་དང་ རང་ལུགས་ཀྱི་ ཞབས་ཁྲ་ཚུ་ གཞི་བཙུགས་འབད་ནི་དེ་གིས་ཨིནམ་ད་ ཧེ་མ་འབད་བ་ཅིན་ སྤྱི་ལོ་༡༦༡༦ ལུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ ཆིབས་ཁ་ལྷོ་ལུ་བསྒྱུར་ཏེ་ ལ་ཡ་གཡུས་ཚན་བརྒྱུད་དེ་ བྱོན་པའི་སྐབས་ གཞི་བཙུགས་གནང་མི་ དགོན་གཞས་མ་གཏོགས་ འཆམ་དང་ཞབས་ཁྲའི་རིགས་ སྟོན་ནི་མེདཔ་ལས་ མི་ཚུ་གིས་ སྤྲོ་བ་མ་ལེན་པས།

འདི་འབདཝ་ལས་ ཚེས་བཅུའི་སྐབས་ གཞས་རྐྱབ་མིའི་ ཉེ་ཚན་དང་ རྫོང་ཁག་བདག་སྐྱོང་གི་ འགོ་དཔོན་ཚུ་ལས་བརྒལ་གཞན་འཛོམས་ནི་མེད་ཟེར་ མགར་ས་ལས་ སྐྱེས་ལོ་༤༣ ལང་མི་ བཀྲིས་རྣམ་རྒྱལ་གྱིས་ སླབ་ཨིན་པས།
དུས་ཅིའི་ ཚེས་བཅུ་མཇལ་བར་འོང་མི་ མང་ཤོས་ར་ ལ་ཡ་རྒེད་འོག་ལས་ཨིནམ་ད་ དེ་གི་གྲས་ལས་ སྐྱེས་ལོ་༧༦ ལང་མི་ ཟླ་བ་པདྨ་གིས་ ཚེས་བཅུ་འགོ་དང་པ་ མཇལཝ་ཨིན་པས།
མ་གཞི་ ལ་ཡ་དེ་ མགར་ས་རྫོང་ལས་ ཉིན་ལམ་༢ ཀྱི་ ལམ་ཨིན་རུང་ ཟླ་བ་པདྨ་གིས་ ཉེ་འདབས་ལུ་མིན་པར་ ཉིན་གྲངས་༧ གྱི་རིང་ རྐང་སྟོང་སྦེ་ འགྱོ་ཐོག་ལས་ སྤུ་ན་ཁའི་ ལོ་བསྟར་ཚེས་བཅུ་ མཇལ་དོ་ཡོདཔ་ཨིན་པས།

མོ་གིས་ སླབ་མིའི་ནང་ མགར་སའི་ ཚེས་བཅུ་ལུ་ སྤྲོ་བ་མ་བསྐྱེད་མི་དེ་ དགོན་གཞས་ལས་བརྒལ་ སྤྲོ་སྟོན་གྱི་ལས་རིམ་གཞན་མེད་ནི་དེ་གིས་ཨིན་ཟེར་ཨིནམ་ད་ དགོན་གཞས་བཟུམ་ཅིག་ ལ་ཡ་རྒེད་འོག་ནང་ཡང་ ལོ་བསྟར་བཞིན་དུ་ རང་ཟླ་༨ པའི་ཚེས་༡༥
ལུ་ བོང་ཀོ་ཟེར་མི་ གཞས་རྐྱབ་ནི་ཡོད་ཟེར་ཨིན་པས།

ད་རུང་ སྐྱེས་ལོ་༤༨ ལང་མི་ ཚེ་རིང་གིས་འབད་བ་ཅིན་ ད་ལས་ཕར་ ཚེས་བཅུ་མཇལ་བར་ སྤུ་ན་ཁ་ལུ་ འགྱོ་མི་དགོ་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ མགར་སའི་ཚེས་བཅུ་ལུ་ སྤྲོ་བ་མ་བསྐྱེད་མི་དེ་ གར་འཆམ་དང་ ཞབས་ཁྲ་སྣ་ཚོགས་རྐྱབ་ནི་མེད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

དུས་ཅིའི་ ཚེས་བཅུའི་སྐབས་ བོད་འཆམ་གྱི་རིགས་ དགྲ་མེད་རྩེ་རྔ་འཆམ་དང་ ཤཝ་ཤ་ཁྱི་ དུར་བདག་ དཔའ་འཆམ་ བར་དོ་འཆམ་དང་ དགེ་སློང་འཆམ་ཚུ་གི་གྲས་ལས་ གཤིན་རྗེ་ཡབ་ཡུམ་དང་ ཞྭ་ནག་རྔ་འཆམ་ གུ་རུ་མཚན་བརྒྱད་ཀྱི་འཆམ་ཚུ་ འགོ་བཙུགས་ཅི་ཟེར་ རྫོང་བདག་བསོད་ནམས་འཇིགས་མེད་ཀྱིས་ སླབ་པའི་ཁར་ ཞབས་ཁྲ་ཡང་ གསརཔ་ལེ་ཤ་འགོ་བཙུགས་ཅི་ཟེར་ཨིན་པས།

གར་འཆམ་ཚུ་ རྒྱལ་གཞུང་འཆམ་དང་ ཟླས་གར་ལྟེ་བ་གིས་ རྒྱབ་སྐྱོར་ཐོག་ལས་ འགོ་བཙུགས་ཡོདཔ་ད་ དུས་ཅི་ བོད་འཆམ་མང་ཤོས་ར་ ཁོང་གིས་ རྐྱབ་ཡོདཔ་མ་ཚད་ རང་ལུགས་ཀྱི་ ཞབས་ཁྲའི་རིགས་ཡང་ ལྟེ་བ་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
རྫོང་བདག་གིས་འབད་བ་ཅིན་ གར་འཆམ་དང་ རང་ལུགས་ཀྱི་ཞབས་ཁྲ་ སྣ་ཚོགས་འགོ་བཙུགས་པ་ཅིན་ དགོན་གཞས་དེ་ཡང་ ཉམས་སྲུང་འབད་ཚུགས་ནི་མས་ཟེར་ཨིན་པས།

དགོན་གཞས་རྐྱབ་མི་ སྐྱེས་ལོ་༣༥ ལང་མི་ དམ་ཆོས་རྡོ་རྗེ་གིས་འབད་རུང་ དུས་ཅི་འབདན་ ཚེས་བཅུ་ངོ་མ་བཟུམ་མཐོང་ཟེར་སླབ་ཨིན་པའི་གནས་ཚུལ།

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།


No comments:

Post a Comment