གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མ་འོངས་ཡུན་གནས་ལུ་ ཕན་ཐོགས་ཡོད་རུང་ ད་ལྟོའི་གནས་སྟངས་ནང་དཀའ་ངལ།

༢༥/༣/༢༠༡༣   ༉ མང་སྡེ་ཆུ་གློག་མེ་ལས་འགུལ་གྱིས་ མ་འོངས་པའི་ནང་ རྒྱལ་ཁབ་ཀྱི་འོང་འབབ་ ལེགས་ཤོམ་བཟོ་ཚུགས་ནི་ཨིན་རུང་ གླང་ཐལ་དང་ བྲག་སྟེང་རྒེད་འོག་གི་ འཁོར་ལམ་བདའ་སྡོད་མི་ མི་སེར་ཚུ་ལུ་ ཐལཝ་གི་དཀའ་ངལ་ སྦོམ་སྦེ་ར་ཡོདཔ་ཨིན་པས། 


དེ་ཡང་ ལས་འགུལ་དེ་གི་དོན་ལུ་ སྣུམ་འཁོར་སྦོམ་ཚུ་ ཉིན་བསྟར་བཞིན་དུ་ རྒྱུན་མ་ཆད་པར་ ཡར་མར་ འགྲོ་འགྲུལ་འབད་མི་དེ་གིས་ འཁོར་ལམ་བདའ་སྟེ་སྡོད་མི་ཚུ་ དུས་ཚོད་མང་ཤོས་ར་ སྒོ་སྒྲིག་ཚུ་བསྡམས་ཏེ་ སྡོད་དགོཔ་བྱུངམ་ཨིན་པས།
གླང་ཐལ་ལས་ སྐྱེས་ལོ་༣༦ ལང་མི་ ཨ་ལུ་བཞི་གི་ཨའི་ བདེ་ཆེན་གྱིས་སླབ་དོ་བཟུམ་འབད་བ་ཅིན་ ཉི་མ་ཨ་རྟག་ར་ སྣུམ་འཁོར་སྦོམ་ཚུ་འོངམ་ད་ འཁོར་ལམ་ལས་ ཐལཝ་ཐོན་ནི་དེ་གིས་ མོ་གི་ཚོང་ཁང་གི་སྒོ་སྒྲིག་ཚུ་ བསྡམས་བཞག་དོ་ཟེར་ཨིནམ་ད་ ལྟོ་བཟའ་བའི་སྐབས་ལུ་ཡང་ ཁྱིམ་ནང་ ཐལཝ་འཛུལ་མི་ལུ་བརྟེན་ འཕྲལ་འཕྲལ་སྐབས་ ལྟོ་དང་བྱེམ་སླ་བསྲེ་སྟེ་ བཟའ་དགོཔ་ཐོནམ་མས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ལམ་གྱི་གནས་སྟངས་སྐྱོ་དྲག་ཅིག་ལུ་འགྱུར་ཡོདཔ་མ་ཚད་ དཀའ་ངལ་དེ་གི་སྐོར་ལས་ ག་ལུ་སླབ་རུང་ ངོས་ལེན་འབད་མི་མིན་འདུག་ཟེར་ཨིན་པས།
གླང་ཐེལ་རྒཔོ་ ལྷམ་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མང་སྡེ་ཆུ་ལས་འགུལ་གྱིས་ ལས་འགུལ་གྱི་ལཱ་ འགོ་མ་བཙུགས་པའི་ཧེ་མར་ ས་གནས་མི་སེར་ཚུ་ལས་ ས་ཆ་དགོ་ནིའི་དོན་ལུ་ གྲོས་འཛོམས་འབད་བའི་སྐབས་ ལཱ་གཡོག་དང་ གྲོང་གསེབ་ཀྱི་ཞབས་ཏོག་ཚུ་ བྱིན་ནི་སྦེ་ སླབ་ཡོདཔ་ཨིན་རུང་ ད་ལྟོ་ མི་སེར་ཚུ་གིས་ དཀའ་ངལ་སྐོར་ལས་ ཉོགས་བཤད་བཀོདཔ་ད་ ཁོང་གིས་ དེ་བཟུམ་གྱི་ ཁས་བླངས་འབད་འབདཝ་མེད་ཟེར་ སླབ་མས་ཟེར་ཨིན་པས།
བྲག་སྟེང་དང་ གླང་ཐལ་རྒེད་འོག་གཉིས་ནང་ རང་བཞིན་གནས་སྟངས་ལུ་ གནོད་སྐྱོན་རྐྱབ་ཡོདཔ་མ་ཚད་ འཁོར་ལམ་ཚུ་ཡང་ དོང་ཐོན་ཏེ་ རྒེད་འོག་གཉིས་ཀྱི་བར་ན་ ཧེ་མ་ དུས་ཡུན་ཆུ་ཚོད་ ཕྱེད་དང་༢ འགོར་ས་ལུ་ ད་ལྟོ་ ཆུ་ཚོད་༣ ལྷགཔ་ཅིག་ འགོརཝ་མས་ཟེར་ཨིན་པས།
མི་སེར་ཚུ་ལུ་ དཀའ་ངལ་ཡོད་པའི་སྐོར་ལས་ ཁོ་གིས་ རྫོང་ཁག་ཚོགས་འདུ་དང་ རྒེད་འོག་ནང་བཙུགས་ཡོད་རུང་ ལས་འགུལ་གྱིས་ འདི་ལུ་ ངོས་ལེན་ཅིག་འབད་མ་བཏུབ་ཟེར་ཨིན་པས།
ལས་འགུལ་གྱིས་ རྒྱལ་ཁབ་ལུ་ ཕན་ཐོགས་འབྱུང་ནི་ཨིན་རུང་ ད་ལྟོའི་གནས་སྟངས་ནང་ དཀའ་ངལ་གྱི་གཞི་གནས་ཅིག་ ཨིན་མས་ཟེར་ཨིན་པས།
འཁོར་ལམ་གྱི་ཉེ་འདབས་ལུ་ ཚོང་ཁང་བཙུགས་སྡོད་མི་ ཨཔ་ཀུན་ལེགས་ཀྱིས་ ལས་འགུལ་འགོ་བཙུགས་པའི་ཉིནམ་ལས་ཚུར་ དྲོ་པ་ཨ་རྟག་ར་ འཁོར་ལམ་ཁར་ ཆུ་གཏོར་ཏེ་ར་ སྡོད་ཅི་ཟེར་ཨིན་པས།
ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ འདས་པའི་དྲིས་བཀོད་ནང་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གིས་ ལས་འགུལ་གྱི་དོན་ལུ་ མི་སེར་གྱི་ བཟའ་སྤྱོད་འབད་བའི་ས་ཆ་ནང་ མ་ཕོགཔ་སྦེ་ ཟུར་ཐབས་འབད་དེ་ཡོད་པའི་ཁར་ མི་སེར་ཚུ་ལུ་ ཁོང་གི་ལྕོགས་གྲུབ་དང་བསྟུན་ ལཱ་གི་གོ་སྐབས་ཚུ་ཡང་ སྤྲོད་དེ་ཡོད་ཟེར་ བཤད་ཡོད་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།





No comments:

Post a Comment