![]() |
ཐིམ་ཕུ་སྨད་ཀྱི་གདམ་ངོ་ ཨོ་རྒྱན་སྒྲོལ་མ། |
![]() |
བཀྲིས་སྒང་བར་མཚམས་གཤོང་ཕུག་གི་གདམ་ངོ་ ཀརྨ་དབང་འཛོམས། |
ཐིམ་ཕུ་སྨད་ལས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ བློན་པོ་ཡེ་ཤེས་སྦྱིན་པ་དང་གཅིག་ཁར་ དོ་འགྲན་འབད་མི་ བྷུ་ཊཱན་ཀུན་མཉམ་པར་ཊི་གི་ གདམ་ངོ་དེ་ སྐྱེས་ལོ་༢༧ ལང་མི་ ཨོ་རྒྱན་སྒྲོལ་མ་ཨིན་པས།
ཨོ་རྒྱན་སྒྲོལ་མ་གིས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ འབྲེལ་གཏོགས་འབད་དེ་ འདས་པའི་བདུན་ཕྲག་ནང་ རྒེད་འོག་གནས་རིམ་ནང་ གདམ་ངོ་བཏོན་ནི་གི་ འཛོམས་འདུ་རྐྱབ་པའི་སྐབས་ ཕམ་ཡོདཔ་ཨིན་རུང་ སེམས་ཕམ་མ་བསྐྱེད་པར་ སྲིད་ཚོགས་ནང་ འབྲེལ་གཏོགས་འབད་མི་དེ་ཡང་ མོ་རའི་ ཉམས་མྱོང་གོང་འཕེལ་ཐོག་ མ་འོངས་པའི་དོན་ལུ་ གྲ་སྒྲིག་འབད་ནིའི་ གོ་སྐབས་ཅིག་ཨིནམ་ལས་ ངོས་ལེན་ཐོག་ སྲིད་ཚོགས་དེ་ནང་ འབྲེལ་གཏོགས་འབད་ཡི་ཟེར་ཨིན་པས།
དེ་འབད་ནི་དེ་གིས་ འཛོམས་འདུ་ནང་ལས་ མཐར་འཁྱོལ་མ་བྱུང་རུང་ སྲིད་ཚོགས་དེ་གིས་ མོ་ལུ་ གོ་སྐབས་བྱིན་པའི་སྐབས་ ཕམ་ཚུ་གིས་ཡང་ རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ ཚོགས་སྡེའི་བཙག་འཐུ་ནང་ འབྲེལ་གཏོགས་འབད་བའི་ ཉམས་མྱོང་ཐོབ་མི་ལུ་བརྟེན་ སྤྲོ་བ་དང་ དང་འདོད་བསྐྱེད་ཡི་ཟེར་ མོ་གིས་ སླབ་ཨིན་པས།
བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ ཐིམ་ཕུ་སྟོད་ཀྱི་ གདམ་ངོ་ཡང་ ཞི་གཡོག་ནང་ལས་ འགོ་དང་པ་ དགོངས་ཞུ་འབད་མི་ ཚེ་དབང་བཀྲིས་ཨིནམ་ད་ མོ་གི་ཆ་རོགས་བཟུམ་ཅིག་སྦེ་ ཐིམ་ཕུ་སྨད་ཀྱི་དོན་ལུ་ འདེམས་ངོ་ཨམ་སྲུ་ཅིག་ ཐོབ་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ད་རུང་ ཚོགས་པའི་གདམ་ངོ་གསརཔ་ཅིག་ གསལ་སྟོན་འབད་མིའི་ནང་ བཀྲིས་སྒང་ལས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ བློན་པོ་དབང་འདུས་ནོར་བུ་དང་གཅིག་ཁར་ དོ་འགྲན་འབད་མི་ གདམ་ངོ་དེ་ཡང་ སྐྱེས་ལོ་༢༦ ལང་མི་ ཨམ་སྲུ་ཅིག་ཨིན་པས།
བཀྲིས་སྒང་བར་མཚམས་ལས་ཨིན་མི་ ཀརྨ་དབང་འཛོམས་ཀྱིས་ སྤྱི་ལོ་༢༠༡༠ ལུ་ གློག་རིག་ནང་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་བའི་ཤུལ་ལུ་ འདས་པའི་ལོ་མཇུག་བསྡུ་ཁམས་ལུ་ ཚོང་རིག་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཏེ་ སྲིད་དོན་ནང་ འབྲེལ་གཏོགས་འབདཝ་ཨིན་པས།
མོ་གིས་སླབ་མིའི་ནང་ སྲིད་དོན་ནང་ ལོ་ན་གཞོན་པའི་བསྒང་ལས་ འབྲེལ་གཏོགས་འབད་མི་དེ་ རྒྱལ་ཕམ་ལུ་དམིགས་ཏེ་མིན་པར་ གཙོ་བོ་ར་ དོ་འགྲན་ནང་ གདོང་ལེན་འབད་ཐོག་ལས་ ཉམས་མྱོང་དང་ ཤེས་ཡོན་ རིག་རྩལ་ཚུ་ གོང་འཕེལ་བཏང་ཐོག་ མ་འོངས་པའི་དོན་ལུ་ ལྕོགས་གྲུབ་ཡར་སེང་གཏང་ཐབས་ལུ་ ཨིན་ཟེར་ཨིན་པས།
ཁ་ཙ་ བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ གདམ་ངོ་ཨམ་སྲུ་༢ ངོ་སྤྲོད་འབད་མི་དེ་རྩིསཝ་ད་ ཚོགས་པ་དེ་ནང་ གདམ་ངོ་༢༦ གཏན་འཁེལ་སོང་སྟེ་ ངོ་སྤྲོད་འབད་ཡོདཔ་ཨིན་པས།
ཚོགས་པ་གིས་ རྫོང་ཁག་༡༢ ནང་ ཚོགས་པའི་ཡན་ལག་ཡིག་ཚང་ཚུ་ སྒོ་འབྱེད་འབད་ཡོདཔ་ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment