གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙོག་མཛོད་སྨན་བཅོས་ཁང་གསརཔ་༢༠༡༨ ལུ་བསྒྲུབ་ནི།

༣༠/༣/༢༠༡༣  ༉ ཐིམ་ཕུ་ བར་སྦིས་སའི་ བཙོག་མཛོད་སྨན་བཅོས་ཁང་རྙིངམ་གི་ ཉེ་འདབས་ཀྱི་ ས་གནས་ནང་སྡོད་མི་ཚུ་དང་ སྒྲིང་ཁྱིམ་གསརཔ་ བཟོ་སྐྲུན་འབད་མི་ཚུ་གི་དོན་ལུ་ ཨ་དྲི་གྱིས་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་རུང་ བཙོག་མཛོད་སྨན་བཅོས་ཁང་གི་ ལས་འགུལ་གསརཔ་དེ་ སྤྱི་ལོ་༢༠༡༨ ལུ་ རྐྱངམ་གཅིག་ བསྒྲུབ་ཚུགས་ནི་ཨིན་པས།


ལས་འགུལ་དེ་གི་དོན་ལུ་ ལོ་༢ ཀྱི་ཧེ་མ་ གྲོས་འཆར་བཀོད་ཡོདཔ་བཞིན་དུ་ དེ་གི་དམིགས་ཡུལ་ངོ་མ་ར་ བཙོག་ཆུ་གིས་ རང་བཞིན་གནས་སྟངས་ལུ་ གནོད་པ་མེད་པར་ ལག་ལེན་འཐབ་ཚུགས་ནི་ལུ་ དམིགས་ཏེ་ཨིན་པས།
ལས་འགུལ་འཛིན་སྐྱོང་པ་ ཀུན་ལེགས་དཔལ་འབྱོར་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ལས་འགུལ་གྱི་ལཱ་ཚུ་ དུམ་གྲ་ཅིག་ ཐོགས་ལུས་སོ་ཡི་ཟེར་ཨིན་རུང་ རིན་བསྡུར་གྱི་ཡིག་ཆ་བཟོ་ནི་ རང་བཞིན་གནས་སྟངས་ལས་ ཉོགས་མེད་ཡི་གུ་ལེན་ནི་ དེ་ལས་ གྲོས་སྟོན་པ་ཚུ་ འཚོལ་བའི་བསྒང་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ ལཱ་གི་ རིན་བསྡུར་ཚུ་ སྤྲོད་ནིའི་གྲ་སྒྲིག་འབད་བའི་བསྒང་ཡོདཔ་ད་ སྤྱི་ལོ་༢༠༡༣ གྱི་ནང་འཁོད་ལུ་ རིན་བསྡུར་འབད་ཚུགསཔ་སྦེ་ འབད་དགོ་ཟེར་ཨིན་པས།
བཙོག་མཛོད་སྨན་བཅོས་ཁང་གསརཔ་དེ་ བཟོ་སྐྲུན་འབད་ཚར་ཞིནམ་ལས་ ཁྲོམ་སྡེ་གིས་ ད་ལྟོ་ ས་ཁོངས་དེ་ བསྡུ་ནི་ཨིན་ཟེར་ཨིན་པས།
ད་ལྟོའི་ ཡིག་ཚང་དང་ བཙོག་མཛོད་ལྟ་རྟོག་པ་ སྡོད་སའི་ས་ཁོངས་ཚུ་ ཤུལ་ལས་ས་ཆ་ཨེ་ཀར་༢.༥ གུ་ལུ་ བཟོ་སྐྲུན་འབད་ནི་ཨིན་པས།
ལས་འགུལ་འཛིན་སྐྱོང་པ་གིས་ བཙོག་མཛོད་སྨན་བཅོས་ཁང་གི་ ཁེ་ཕན་ཡོད་ལུགས་ཚུ་གི་སྐོར་ལས་ བཤད་མི་དང་འཁྲིལཝ་ད་ བཙོག་མཛོད་སྨན་བཅོས་ཁང་དེ་ ས་ཆ་ཨེ་ཀར་༡༦ གུ་བཟོ་སྐྲུན་འབདནི་ཨིནམ་བཞིན་དུ་ ས་ཆ་སྟོངམ་འཐོན་ནི་ཨིནམ་ལས་ གཞུང་གིས་ གཞི་རྟེན་མཁོ་ཆས་ཚུ་ བཟོ་སྐྲུན་འབད་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཟེར་ཨིན་པས།
ད་ལྟོ་ཡོད་མི་ བཙོག་མཛོད་སྨན་བཅོས་ཁང་གིས་ ཚར་གཅིག་སྨན་བཅོས་འབད་ས་ལུ་ བཙོག་མཛོད་སྨན་བཅོས་ཁང་ གསརཔ་དེ་གིས་ ཚར་༦ དེ་ཅིག་ འབད་འོང་ཟེར་ ལས་འགུལ་འཛིན་སྐྱོང་པ་གིས་ སླབ་ཨིན་པས།
ད་ལྟོའི་ བཙོག་མཛོད་སྨན་བཅོས་ཁང་གིས་ ཉིནམ་རེ་ནང་ བཙོག་ཆུ་ལི་ཊར་ ས་ཡ་༡.༧༥ དེ་རེ་ སྨན་བཅོས་འབད་དོ་ཡོདཔ་ཨིན་རུང་ སྨན་བཅོས་ཁང་གསརཔ་དེ་གིས་ ཉིནམ་རེ་ནང་ ལི་ཊར་ས་ཡ་༡༠ དེ་རེ་ སྨན་བཅོས་འབད་འོང་ཟེར་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་སྤྱིའི་རིན་བསྡུར་ལམ་ལུགས་ ལག་ལེན་འཐབ་སྟེ་ ས་གནས་ཀྱི་ ཁག་འབགཔ་ཚུ་ཡང་ བཅའ་མར་གཏོགས་བཅུག་ནི་ ཨིན་ཟེར་ཨིན་པས།
ལས་འགུལ་དེ་ མཉམ་འབྲེལ་གྱི་ཐོག་ལས་འབད་ནི་ཨིནམ་ད་ ཡང་ཅིན་ ས་གནས་ཀྱི་ ཁག་འབགཔ་དག་པ་ཅིག་ ཁ་བསྡོམས་ཞིནམ་ལས་ ལཱ་བགོ་བཤའ་རྐྱབ་སྟེ་འབད་ནི་ཨིན་ཟེར་ཨིན་པས།
ལས་འགུལ་གྱི་ ཚོད་རྩིས་མ་དངུལ་གྱི་སྐོར་ལས་ ལས་འགུལ་འཛིན་སྐྱོང་པ་གིས་ བཤད་མ་བཏུབ་ཨིན་རུང་ མ་དངུལ་བརྒྱ་ཆ་༨༥ དེ་ ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་ལས་ཨིནམ་ད་ ལྷག་ལུས་བརྒྱ་ཆ་༡༥ པོ་དེ་ འབྲུག་གཞུང་ལས་ གནང་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment